Essential Hayagrīva Practice—Tibetan
༁ོཾ༔ རྟ་མགྲིན་སྙིང་པོ་དོན་བསྡུས་ཀྱི་བསྒོམ་བཟླས་བཞུགས།
ན་མོ༔ བླ་མ་ཡི་དམ་ཁྲོ་བོའི་རྒྱལ༔
མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔
བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔
རྩེ་གཅིག་གུས་པས་སྐྱབས་སུ་མཆི༔
ཧོཿ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔
སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔
ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔
གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔
ཧཱུྃ༔ ཆོས་ཉིད་སྤྲོས་པའི་མཐའ་བྲལ་ངང་༔
སྙིང་རྗེའི་རང་མདངས་ཀུན་ལ་ཁྱབ༔
ཐུགས་རྗེ་ཧཱུྃ་ཡིག་འོད་དུ་འབར༔
སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔
རྃ་ལས་རྡོ་རྗེ་མེ་ཡི་གུར༔
ལྟེ་བར་པད་ཉི་ཀླུ་རྒྱལ་སྟེང་༔
ཧཱུྃ་ལས་དཔལ་ཆེན་རྟ་མཆོག་དཔལ་༔
དམར་རྔམས་ཞལ་གསུམ་ཕྱག་དྲུག་པ༔
གཡས་དཀར་གཡོན་སྔོ་སྤྱན་དགུས་གཟིགས༔
རྟ་གདོང་ལྗང་ཀུ་མེ་འབར་བཞད༔
རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ༔
ཁ་ཊྭཱྃ་སྦྲུལ་འཕྱང་ཐོད་ཁྲག་རོལ༔
རལ་གྲི་མེ་འབར་ལྕགས་སྒྲོག་འཛིན༔
ཞབས་བཞི་རོལ་པའི་གར་དགུ་ལྡན༔
དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔
ཡུམ་ཆེན་པདྨ་གཟི་ལྡན་མ༔
ཁ་ཊྭཱྃ་ཐོད་ཁྲག་འཛིན་པས་འཁྱུད༔
རྡོ་རྗེ་གསུམ་ལྡན་ཡེ་ཤེས་ལྔ༔
བླ་མ་རྒྱལ་ཀུན་འདུས་པར་གྱུར༔
ཨོཾ་ཨཱཿཧཱུྃ༔ ཧཱིུཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ
ཐུགས་ཀར་ཉི་སྟེང་ཧྲཱིཿདམར་པོ༔
སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔
འོད་འཕྲོད་རྒྱལ་བ་སྲས་བཅས་མཆོད༔
བྱིན་རླབས་དངོས་གྲུབ་རང་ལ་བསྡུས༔
མ་མོ་མཁའ་འགྲོ་ལས་ལ་བཙུད༔
ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔
གདུག་པ་ཅན་རྣམས་ཚར་བཅད་ནས༔
ཐམས་ཅད་དཔལ་གྱི་ས་རུ་བཀོད༔
འགྲོ་བ་རྣམས་ཀྱི་སྒྲིབ་པ་སྦྱངས༔
སྣང་སྲིད་དབང་གི་སྐུ་གསུང་ཐུགས༔
ཡེ་ཤེས་དཀྱིལ་འཁོར་ཆེན་པོར་བསམ༔
ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔
ཞེས་ཅི་ནུས་བཟླས་མཐར།
ཧཱུྃ་གིས་དཀྱིལ་འཁོར་དབྱིངས་སུ་བསྡུ༔
འོད་གསལ་ཐུགས་ཀྱི་ངང་དུ་གནས༔
ཕཊཿཀྱིས་ལྷ་རུ་ལྷག་གེར་གསལ༔
ཨོཾ་ཨཱཿཧཱུྃ་གིས་གོ་བགོས་ནས༔
དག་པའི་སྣང་བས་སྤྱོད་པ་སྤྱོད༔
ཧཱུྃ༔ བླ་ན་མེད་པ་གསུང་གི་དཀྱིལ་འཁོར་འདིར༔
སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་ནས་ཀྱང་༔
དབང་ཆེན་རྟ་མགྲིན་ཧེ་རུ་ཀ་དཔལ་ཐོབ༔
འགྲོ་ཀུན་སངས་རྒྱས་ས་ལ་བཀོད་པར་ཤོག༔
གསུང་གི་རིག་འཛིན་བརྒྱུད་གསུམ་བྱིན་རླབས་ལྡན༔
ཡི་དམ་དབང་ཆེན་བསྐྱེད་རྫོགས་དངོས་གྲུབ་མྱུར༔
རྟ་སྐད་བཞེངས་པས་མཁའ་འགྲོ་དམ་ཅན་འདུས༔
དབང་གི་ཕྲིན་ལས་འགྲུབ་པའི་བཀྲ་ཤིས་ཤོག༔
ཅེས་བ་འདི་ཡང་གཏེར་གཞུང་ལས་ཁོལ་དུ་ཕྱུངས་ཏེ། ༧མཆོག་གྱུར་གླིང་པས་དཔལ་གྱི་ལྷ་སར་སྦྱར་བ་དགེའོ། སརྦ་མངྒ་ལཾ།། །།