The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Chariot of Faith—Tibetan

English | བོད་ཡིག

༄༅། །དད་པའི་ཤིང་རྟ།

 

སངས་རྒྱས་ཆོས་དང་དགེ་འདུན་འདུས་པའི་སྐུ། །

གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །

 

བླ་མ་ཡི་དམ་མཁའ་འགྲོ་འདུས་པའི་གསུང་། །

གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །

 

ཤར་གྲོལ་མཐའ་བྲལ་འདུས་མ་བྱས་པའི་ཐུགས། །

གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས། །

 

བདག་སོགས་འགྲོ་བ་སེམས་ཅན་མ་ལུས་ལ། །

ཐུགས་རྗེས་གཟིགས་ཤིག་གུ་རུ་རིན་པོ་ཆེ། །

 

བླ་མ་ཁྱེད་ལ་སྙིང་ནས་ཡིད་ཆེས་ནས། །

བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །

 

དལ་འབྱོར་རིན་ཆེན་རྙེད་པར་དཀའ་བ་དང་། །

མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །

 

རྒྱུ་འབྲས་སྤང་བླང་ཚུལ་བཞིན་བྱེད་པ་དང་། །

འཁོར་བ་སྐྱོན་དུ་མཐོང་བར་བྱིན་གྱིས་རློབས། །

 

དཀོན་མཆོག་གསུམ་གྱི་སྐྱབས་འོག་ལ་ཚུད་ཅིང་། །

གཞན་ཕན་བྱང་སེམས་སྐྱེ་བར་བྱིན་གྱིས་རློབས། །

 

སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས། །

ཚོགས་གཉིས་ཡོངས་སུ་རྫོགས་པར་བྱིན་གྱིས་རློབས། །

 

བླ་མའི་བྱིན་རླབས་སྙིང་ལ་ཞུགས་ནས་སུ། །

རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །

 

ཅེས་རང་གི་གཅུང་དབང་གྲགས་དགེ་ལ་སྦྱོར་བའིཕྱིར། གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས་པ་དད་པའི་ཤིང་རྟ་ཞེས་བྱ་བ་མཆོག་གྱུར་གླིང་པས་བྲིས་པ་དགེའོ། །

 

མཆོག་གྱུར་བདེ་ཆེན་གླིང་པ།

Guru Padmasambhava

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept