Advice for Wangden—Tibetan
༄༅། །སྔགས་འཆང་བགྲེས་པ་དབང་ལྡན་ལ་གདམས་པ།
རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།
རྗེ་བླ་མའི་བྱིན་རླབས་སེམས་ལ་ཞུགས། །ལམ་མ་ནོར་ཉམས་སུ་ལོན་པར་ཤོག །སྤྱིར་དེང་སང་ཆོས་པས་སྟོང་འུར་བྱེད། །དོན་སྙིང་པོར་དྲིལ་མཁན་མི་གདའ་ན། །དབང་ཁྲིད་ལུང་མང་པོས་ཅི་ཞིག་བྱ། །ཕན་ཡོན་ཞིག་ཡོད་ཀྱང་ཐོབ་ལོ་ཙམ། །ཞུ་བསྐུལ་གྱི་མིང་བཟང་ཆེ་འདོད་པས། །ཆོས་སྙིང་ནས་ཞུ་མཁན་མི་གདའ་ན། །ཞལ་གདམས་དང་མགུར་གྱིས་ཅི་ཞིག་བྱ། །ཕན་ཡོན་ཞིག་ཡོད་ཀྱང་དགོས་པ་ཆུང་། །ཁོང་མཁས་གྲུབ་མང་པོའི་བཀའ་འབུམ་རྣམས། །ལྷ་ཁང་རྙིང་པོའི་ཁྱམས་ལ་འཁྱམས། །ཆོས་སྙིང་ནས་བྱེད་ན་འཁོར་བ་འདི། །སྐྱོན་དུ་མཐོང་ན་ཆོས་པའི་རབ། །གྲུབ་ཐོབ་ཀྱི་མཚན་གཞི་འཛིན་པ་རྣམས། །འཁོར་བར་ཞེན་ཆགས་ཆེ་བ་ན། །གཞན་ཆོས་བྱེད་རྣམས་ལ་ལྟ་ཅི་སྨོས། །རང་འདོད་ཀྱི་འཁྲི་བ་མ་ཆོད་བཞིན། །བསྟན་འགྲོའི་སྤྱི་དོན་བྱེད་སྐད་ལོ། །སྐྱེ་འདོད་ཡིན་པའི་ཐོ་ཡོལ་དེ། །ཚིག་ཁ་ཡིས་བརྫས་ན་སྣ་ཡིས་ཁྲེལ། །སྤྲང་པོ་ལ་རྒྱལ་ཁམས་ཀྱི་གུས་ཁུར་མེད། །ཐར་པ་ཐོབ་པ་ཞིག་སྔ་ཚགས་བྱ། །དེ་ནས་གཞན་དོན་སྒྲུབ་ན་འཐད། །ཁྱེད་ཆོས་བྱེད་རྣམས་ཐུགས་ལ་དེ་ལྟར་ཞོག །ཅེས་པ་འདི་དཔལ་ཁྱིམ་སྔགས་འཆང་བགྲེས་པ་དབང་ལྡན་གྱིས་གསུང་ངོར། ནམ་མཁའི་མཛོད་ཀྱི་ཡང་རྫོང་གི་གླིང་ཨེ་ཝཾ་ཆོས་སྒར་ནས་གང་དྲན་གླུ་རུ་བླངས་པའོ།།