Words of Advice—Tibetan
English | Deutsch | Español | Français | Português | བོད་ཡིག
༄༅། །ཞལ་གདམས། །
༄༅། །ན་མོ་གུ་རུ་བྷྱ།
རྗེས་བཀའ་དྲིན་འཁོར་མེད་ལས་འབྲེལ་རྩལ། །
མི་བདག་གི་སྤྱི་བོའི་གཙུག་རྒྱན་བཞུགས། །
གནས་འཁོར་བ་ངན་སོང་སྡུག་བསྔལ་ལས། །
དུས་ད་ལྟ་ཐར་བར་བྱིན་གྱིས་རློབས། །
ཚུར་གསོན་དང་འདིར་འདུས་བུ་སློབ་ཚོ། །
སྙིང་མ་རུལ་མནོ་བསམ་སེམས་ལ་ཐོངས། །
མིའི་ལུས་རྟེན་བརྒྱ་ལ་ལན་གཅིག་འདི། །
ཐོབ་ཟིན་ཀྱང་ལྷ་ཆོས་མ་འགྲུབ་ན། །
ཕྱིས་འདི་འདྲ་རྙེད་པར་ག་ལ་འགྱུར། །
དོན་དེ་ཕྱིར་སྙིང་པོ་ལེན་པ་གཅེས། །
ལུས་གཡོག་དང་གྲུ་ཡི་འདུས་ཤེས་ཀྱི། །
ཡུད་ཙམ་ཡང་དལ་བར་ཉལ་མ་འཇུག །
སྒོ་གསུམ་པོ་དགེ་བསྐུལ་བེད་ཆོད་མཛོད། །
ལྷོ་གོས་ཙམ་ཕྱིར་དུ་ཚེ་གང་པོ། །
སྡིག་སྡུག་བསྔལ་ཁྱད་གསད་འབད་གྱུར་ཀྱང་། །
འཆི་ཙ་ན་འཁྱེར་དབང་མེད་ཚུལ་སོམས། །
རང་འཚོ་གོས་བསོད་སྙོམས་བྱས་ཀྱང་ཕྱིད། །
ཟས་ཤ་ཆང་ཞིམ་དགུ་མང་ཟོས་ཀྱང་། །
སང་ནངས་པར་མི་གཙང་རྫས་སུ་འགྱུར། །
དོན་དེ་ལས་སྙིང་པོ་མི་འདུག་པས། །
ལུས་འཚོ་ཆས་ངན་ངོན་གྱིས་ཆོག་ཤེས་བྱ། །
གྱོང་ལྟོ་གོས་གཏམ་ལ་བསྐུར་བ་དགོས། །
ཚེ་མི་རྟག་འཆི་བ་མ་དྲན་ན། །
ཆོས་རྣམ་དག་འགྲུབ་རྒྱུ་མེད་པའི་ཁར། །
གྲབ་ཡིད་སྨོན་ཕྱི་ཤོལ་ངང་ལ་ལུས། །
དགྲ་འཆི་བདག་སླེབས་ཉིན་འགྱོད་ཀྱང་ཕྱིས། །
སྤྱི་འགྲོ་དྲུག་གནས་ན་བདེ་བ་མེད། །
སྒོས་ངན་སོང་གསུམ་གྱི་སྡུག་བསྔལ་ནི། །
ཚིག་རྣ་བས་ཐོས་ཀྱང་ཡི་མུག་ན། །
རང་ཐོག་ཏུ་བབ་ན་ཇི་ལྟར་བཟོད། །
ཡར་མཐོ་རིས་གསུམ་གྱི་བདེ་སྐྱིད་ཀྱང་། །
དུག་བཏབ་པའི་ཁ་ཟས་བཟང་པོ་བཞིན། །
འཕྲལ་བདེ་ཡང་ནམ་ཕུག་ཕུང་བའི་རྒྱུ། །
ལར་བདེ་སྡུག་སེམས་ཀྱི་མྱོང་བ་ལ། །
ཁོང་བྱེད་པོ་གཞན་ཞིག་ཡོད་མིན་ཏེ། །
ལས་དཀར་ནག་གཉིས་ཀྱིས་བྱས་པ་ཡིན། །
དེ་ཤེས་ནས་རྩ་བ་སྤང་བླང་ལ། །
དོན་ལག་ལེན་འཛོལ་མེད་གནད་དུ་ཆེ། །
ཆོས་ཞུས་ལོ་ཐོས་ལོ་མང་པོ་ལས། །
ཕ་མཚན་ལྡན་བླ་མའི་མན་ངག་ལ། །
བློ་ཐེ་ཚོམ་སྒྲོ་འདོགས་བཅད་པ་དགའ། །
ལུས་དབེན་པར་གནས་པའི་དོན་སྒོ་ལ། །
དགྲ་འདུལ་དང་གཉེན་སྐྱོང་ཆགས་སྡང་དང་། །
ཚོང་བུན་སྐྱེད་འདུ་འཛི་མ་སྤོང་ན། །
ཐབས་དེ་ལས་སྡུག་པ་ཡོད་མ་ཡིན། །
སེམས་ཆོག་ཤེས་འབྱོར་བ་དེ་མེད་ན། །
ཕྱིའི་ཀ་ཆ་མི་དགོས་དགུ་དགོས་པ། །
མི་སྐྱེ་བོ་ཕལ་པ་ལས་ཀྱང་ཐུ། །
ཆོས་ཉམས་ལེན་ཐུན་གཅིག་མི་འགྲུབ་ཕྱིར། །
ད་ཅིས་ཀྱང་དགོས་མེད་ལ་བློ་གཏད་བཅོལ། །
ནོར་ཁེ་དྲག་དགྲ་འདྲེའི་གཡབ་མོ་ཡིན། །
སྐྱིད་འདོད་ཀྱི་ཆོས་པ་ཚེ་འདི་ལ། །
བློ་མ་ལོག་པས་ཡང་དག་ཆོས་སྐལ་ཆད། །
ཆོས་འདྲེད་པོར་འཆོར་བས་གཟབ་འཚལ་ལོ། །
དོན་བྱ་བ་ཉུང་ལ་བརྩོན་འགྲུས་ཆེ། །
སེམས་ཙབ་ཙུབ་མང་པོ་མི་ལྡང་བར། །
སྤྱིལ་པོ་ཡི་མལ་སར་ལྷོད་ཆགས་པ། །
དེ་འདྲ་ལ་ཆོས་པའི་གཡང་འཁོར་ངེས། །
ལོ་ཟླ་བ་མང་པོར་མཚམས་བསྡམས་ཀྱང་། །
རྒྱུད་སྔར་ལས་ཡར་སྐྱེད་མ་བྱུང་ཕྱིན། །
ཡུན་རིང་པོའི་བྱས་ཡུས་འདྲེན་པ་དེ། །
སྡུག་སྒུར་དང་མུག་སྒུར་མ་སོང་ངམ། །
གཏམ་སྙན་གྲགས་ལ་བརྟེན་ནས་ང་རྒྱལ་སྐྱེ། །
དགྲས་ལོག་སྒྲུབ་བཟོད་པ་དཀའ་ཐུབ་མཆོག །
ཚིག་འཇམ་རྩུབ་ཙམ་ལ་སྡང་ཞེན་ལངས། །
གྲོགས་གཞན་གྱི་སྐྱོན་མཚང་ནན་གྱིས་བརྟག །
རང་རྒྱུད་ལ་བྱ་ར་མི་བྱེད་པར། །
དུས་རྟག་པར་སྤུ་སུད་ཚ་པོ་དེས། །
རོགས་རྣམས་ལ་དམ་ཉམས་གསོག་ངེས་པས། །
དྲན་ཤེས་བཞིན་དང་བག་ཡོད་རྟག་བསྟེན་མཛོད། །
འདུ་འཛི་དང་དབེན་པ་གར་གནས་ཀྱང་། །
འདུལ་དགོས་རྒྱུ་ཉོན་མོངས་དུག་ལྔ་དང་། །
དགྲ་ཆོས་བརྒྱད་མ་གཏོགས་གཞན་མེད་ཕྱིར། །
ལམ་སྤོང་བསྒྱུར་ལམ་བྱེད་ངོ་ལྟ་བཞི། །
རང་རྒྱུད་ཚོད་དང་བསྟུན་ལ་གང་མོས་བྱ། །
སེམས་ཐུལ་བ་ལས་ལྷག་པའི་གྲུབ་རྟགས་མེད། །
ལག་མཚོན་མེད་དཔའ་བོ་གཡུལ་རྒྱལ་ཡིན། །
ཆོས་མདོ་སྔགས་གཉིས་པོ་ཉམས་ལེན་ཚེ། །
གནད་གཞན་ཕན་བྱང་ཆུབ་སྨོན་འཇུག་སེམས། །
འདི་ཐེག་ཆེན་རྩ་བ་ཡིན་པའི་ཕྱིར། །
ཡོད་དེས་ཆོག་མེད་ན་ཐབས་ཆགས་ལགས། །
ཚིག་འདི་སྐད་སྦས་པ་པདྨའི་ཚལ། །
དེའི་བྱེ་བྲག་ཡང་ཁྲོད་ནགས་ཀྱི་མཐོངས། །
མཚན་ཀུན་བཟང་ཆོས་གླིང་འབོད་པ་དེར། །
སྤྲང་གཅོས་རྒན་སངས་རྒྱས་རྡོ་རྗེས་གདམས། །
དགེའོ།། །།