The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Rishi's Maledictory Incantation—Tibetan

English | Deutsch | Español | Français | Italiano | 中文 | བོད་ཡིག

༄༅། །བསྐལ་ངན་དུས་ཀྱི་གཡོ་འཁྲུག་ཟློག་པའི་ཐུགས་དམ་རྒྱུད་བསྐུལ་གསོལ་འདེབས་སྨོན་ལམ་དུ་བྱ་བ་དྲང་སྲོང་དམོད་སྔགས་ཞེས་བྱ་བ་བཞུགས་སོ།།

 

ན་མོ་གུ་རུ་ར་ཏྣ་ཏྲ་ཡཱ་ཡ།

བསྐལ་བཟང་ཞིང་གི་རྣམ་འདྲེན་ཤཱཀྱའི་ཏོག །

སངས་རྒྱས་གཉིས་པ་ཨོ་རྒྱན་མཚོ་སྐྱེས་རྗེ། །

འཕགས་མཆོག་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས། །

ཕྱག་རྡོར་ལ་སོགས་བྱང་སེམས་ཉེ་སྲས་བརྒྱད། །

སྒྲོལ་མ་ཉེར་གཅིག་གནས་བརྟན་འཕགས་པའི་ཚོགས། །

རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །

གནས་གསུམ་མཁའ་འགྲོ་ཡེ་ཤེས་ལས་གྲུབ་པའི། །

ཆོས་སྲུང་ཕྱོགས་སྐྱོང་དཔལ་མགོན་བདུན་ཅུ་སོགས། །

མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་མངའ་བ་རྣམས། །

རྩོད་ལྡན་འགྲོ་ལ་གཟིགས་ཤིང་དགོངས་སུ་གསོལ། །

 

སྐལ་ངན་དུས་མཐའི་སྐྱེ་འགྲོ་སྤྱི་མཐུན་གྱི། །

ལས་ངན་འབྲས་བུའི་མཚོ་ཆེན་བརྡོལ་བ་ལས། །

དཀར་ཕྱོགས་གཡེལ་ཞིང་ནག་ཕྱོགས་བདུད་སྡེ་ཡིས། །

ཁ་དྲག་དབང་ཆེན་མི་ཆེན་སེམས་རྩ་སྒུལ། །

འཛམ་གླིང་ཕུང་བྱེད་རྡུལ་མཚོན་དམག་འཁྲུགས་བསླང་། །

ལོག་སྨོན་འཕྲུལ་གྱི་མཚོན་ཆའི་འཐོར་རླུང་ཆེས། །

སྣོད་བཅུད་ཐལ་བའི་རྡུལ་དུ་སྐད་ཅིག་ལ། །

བརླག་པར་འགྱུར་ཉེའི་ལྟས་ངན་བྱ་མ་རྟ། །

སྣང་གྲགས་རྟོག་པའི་སྤྱོད་ཡུལ་མངོན་གྱུར་ཀྱང་། །

མ་རིག་སྐྱེ་བོ་རྨོངས་དང་ཐེ་ཚོམ་རྒྱར། །

རབ་འཐུམས་ད་དུང་བྲེད་དུ་ཅང་མ་ཚོར། །

ཐོས་དང་དྲན་པ་ཙམ་གྱིས་འཇིགས་སྐྱེད་པའི། །

སྔར་མ་བྱུང་བའི་འཛམ་གླིང་འཕོ་འགྱུར་གང་། །

དེ་ཟློག་ཐབས་དང་རེ་ས་གཞན་ན་མེད། །

བསླུ་མེད་དཀོན་མཆོག་རྩ་གསུམ་ཁྱེད་རྣམས་ལ། །

ཁྱེའུས་ཕ་མར་འབོད་འདྲའི་སྨྲེ་སྔགས་ཀྱིས། །

 

གསོལ་འདེབས་འོ་དོད་འབོད་པ་འདི་ལགས་ན། །

ཁྱེད་རྣམས་སྔོན་གྱི་དམ་བཅའ་མ་བསྙེལ་བར། །

གློག་ལྟར་མྱུར་བའི་ཐུགས་རྗེའི་ཕྱག་རྐྱོངས་ལ། །

མགོན་མེད་འགྲོ་འདི་སྲུང་སྐྱོབས་འཇིགས་སྒྲོལ་མཛོད། །

 

འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་འཕྲོག་བྱེད་པའི། །

སྟོབས་ཆེན་ཀླ་ཀློས་གཡུལ་འགྱེད་གྲོས་བཤམས་ཚེ། །

གཙོ་བོ་རྣམས་དང་དེ་ཡི་ཁ་ལོ་བ། །

མ་རུང་གདུག་རྩུབ་བསམ་ངན་འཆང་བ་རྣམས། །

ཞི་བདེ་མཐུན་པའི་ཕྱོགས་སུ་བསྒྱུར་དུ་གསོལ། །

 

འགལ་རྐྱེན་དམག་འཁྲུགས་རང་སར་ཞི་བ་དང་། །

བདུད་སྡེའི་རྡུལ་མཚོན་ཟློག་ཅིང་གཞོམ་པར་མཛོད། །

 

དེ་ཡི་མཐུ་ལས་འཛམ་གླིང་ས་ཆེན་འདིར། །

བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཕྱོགས་ཀུན་དར། །

བསྟན་འགྲོར་འཚེ་བྱེད་མི་དང་མི་མིན་གྱི། །

ནག་པོའི་རྩ་ལག་སྡེར་བཅས་མིང་ཙམ་སྟོངས། །

 

འཇིག་རྟེན་ཀུན་ཏུ་བདེ་ལེགས་རྒྱ་ཆེན་པོས། །

ཡོངས་ཁྱབ་སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཞིང་། །

རྫོགས་ལྡན་དུས་བཞིན་འཐབ་འཁྲུགས་འཚེ་མེད་པར། །

ཀུན་ཀྱང་བདེ་དགའི་གར་གྱིས་བྲེལ་གྱུར་ཅིག །

 

སྐྱབས་གནས་མཆོག་གསུམ་རྒྱ་མཚོའི་ཐུགས་རྗེ་དང་། །

ཆོས་དབྱིངས་རྣམ་ཀུན་མཆོག་ལྡན་བདེན་སྟོབས་ཀྱིས། །

བདག་ཅག་བསམ་པ་དག་པས་གསོལ་བཏབ་དོན། །

ཇི་ལྟར་རེ་སྨོན་ཡིད་བཞིན་འགྲུབ་གྱུར་ཅིག །

ཏདྱཐཱ། པཉྩ་དྲི་ཡ་ཨ་ཝ་བྷོ་དྷ་ན་ཡེ་སྭ་ཧཱ། །

 

ཞེས་པའང་འཛམ་གླིང་ས་ཆེན་འདིའི་སྟེང་དུ་གནས་པའི་རྒྱལ་བའི་བསྟན་དང་སྐྱེ་འགྲོའི་ཚེ་སྲོག །སྣོད་བཅུད་ཀྱི་དགེ་མཆེན་མ་ལུས་པ་སྐད་གཅིག་ཉིད་ལ་འཇོམས་པའི་ནུས་ཤུགས་ཅན་རྡུལ་ཕྲན་དུག་གི་མཚོན་ཆ་ལག་ལེན་དུ་བསྟར་ནས་མི་རྣམས་ཁ་དག་པ་དེ་ལྟ་བུའི་མཚོན་འཁྲུགས་དྲག་པོ་སྔར་མ་བྱུང་བ་ཞིག་དུས་ཡུན་མི་རིང་བར་འབྱུང་ཉེ་བའི་ལ་ཉེ་དང་ལྟས་མཚན་ཉིན་རེ་བཞིན་དུ་ཇེ་ཆེར་འགྲོ་བར་བརྟེན། བཟོད་བླག་དང་བྲལ་བའི་སྐྱོ་ཤས་དང་འཇིགས་དངངས་དྲག་པོས་རྒྱུད་དབང་མེད་དུ་བསྐུལ་བའི་རྐྱེན་གྱིས་བུ་ཆུང་མ་ལ་འབོད་པའམ། འགག་དོག་མོའི་ཨོ་རྒྱན་པདྨའི་དཔེ་ལྟར།

སྐྱབས་གནས་དཀོན་མཆོག་རྒྱ་མཚོར་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་འདི་ཉིད་དེང་དུས་ཀུན་གྱིས་ཁ་ཏོན་བྱ་བ་དང་། དར་རས་ལ་བྲིས་ཏེ་རི་རྩེ་དང་། ཟམ་རྡུར་སོགས་སུ་འཕྱར་ན་དགོས་པ་དང་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ཡིན་སྙམ་པས་ངེད་ལ་ཡིད་ཆེས་བྱེད་པ་ཀུན་གྱི་ཐུགས་ལ་གཞུག་ཅེས་སྤྲང་འཆལ་བུདྡྷ་བཛྲས་རབ་ཚེས་ཆུ་མོ་ཕག་ལོ་ནག་པ་ཟླ་བའི་ཡར་ཚེས ༡༣ དགེ་བར་བྲིས་པ་འདིས་ཀྱང་བསྟན་ཞབས་ཀླ་ཀློས་སྡུད་པ་ཕྱིར་བསྲིང་བའི་རྒྱུར་གྱུར་ཅིག། །

 

བྱ་བྲལ་སངས་རྒྱས་རྡོ་རྗེ།

Śākyamuni Buddha et al

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept