Advice for Sangye Drönma—Tibetan
༄༅། །དབུས་པ་གཡོ་རུ་ཚེ་རིང་ལྗོངས་བཙུན་མ་སངས་རྒྱས་སྒྲོན་མ་ལ་གདམས་པ།
ཨེ་མ་དད་ལྡན་སངས་རྒྱས་སྒྲོན་མ། །དར་ཅིག་གསོན་དང་གྲོས་ཤིག་འདེབས་སོ། །དལ་རྟེན་མི་ལུས་རིན་ཆེན་རྙེད་དུས། །མྱུར་དུ་དམ་པའི་ལྷ་ཆོས་བརྩོན་ཅིག །ཚེ་འདིའི་སྣང་བ་མཐོ་དམན་སྐྱིད་སྡུག །གང་ལའང་རྟག་ཅིང་བརྟན་པ་མེད་ངེས། །ཚུལ་མཐོང་དབང་སྒོར་མངོན་སུམ་ཤེས་བཞིན། །ད་ནི་སྙིང་པོའི་ཉམས་ལེན་རེ་ལ། །བརྩོན་དང་འདི་ཕྱི་དགེ་བའི་གཞི་ཐིངས། །སྐྱབས་འགྲོ་ནས་བརྩམས་ཐུན་མིན་ཆོས་དྲུག །ཁྲལ་སྤྲད་མ་ཡིན་བསགས་སྦྱང་གལ་ཆེ། །གཞོན་ཚེ་ཆོས་ལ་འབད་བརྩོན་བྱ་དགོས། །ཚེ་སྲོག་ཤིང་རྩེའི་བྱེའུ་འདྲ་བ། །ནམ་འཕུར་ངེས་པ་མེད་པའི་དཔེར་སོམས། །གལ་ཏེ་རྒས་པའི་གྲོང་སྒོར་སླེབས་ཀྱང་། །དེ་དུས་འབྱུང་བཞི་རྒུད་པས་དམ་ཆོས། །འགྲུབ་དཀའ་གཞན་ལ་བལྟས་ཀྱང་ཤེས་མོད། །དེ་ཕྱིར་བློ་སྣ་བསྟུངས་ནས་ཆོས་མཛོད། །འདི་ཕྱིའི་སྐྱབས་གནས་བསླུ་བ་མེད་པ། །དཀོན་མཆོག་གསུམ་དང་ཨོ་རྒྱན་པདྨར། །སྙིང་ནས་གསོལ་བ་འདེབས་པར་བརྩོན་དང་། །ཚེ་ཆོས་བར་ཆད་ངང་གིས་ཞི་འགྲོ། །ཕྱི་མ་རྔ་ཡབ་དཔལ་རི་སོགས་ལ། །སྐྱེ་ངེས་ཐེ་ཚོམ་མེད་པས་དེ་ལྟར། །ཐུགས་ལ་ཞོག་ཅིག་སྐལ་བར་ལྡན་མ། །ཞེས་སྲས་མོ་འཆི་མེད་དབང་མོས་བསྐུལ་ངོར་རིག་འཛིན་འགྱུར་མེད་རྡོ་རྗེ་པས་ཨ་འཛོམ་ཆོས་སྒར་ནས་ཕུལ་བ་དགེ།