The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Divine Blue Water—Tibetan

English | བོད་ཡིག

༄༅། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་བཞུགས་སོ། །

 

པདྨ་སཾ་བྷ་ཝ་ལ་ན་མོ།

སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ་སྒྲུབ་པ་མཛད་པའི་ཚེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཁམས་ཡུན་རིང་མ་བདེ་ཞིང་། ཡུལ་དུ་བཙའ་སད་སེར་གསུམ་ནད་ཡམས་མུ་གེ་ལ་སོགས་མི་བདེ་བའི་མཚན་མ་མང་དུ་བྱུང་བས། བློན་པོ་རྣམས་ཀྱིས་གྲོས་བྱས་ནས་སྨན་པ་མོ་མ་རྩིས་པ་གང་ལ་གང་དགོས་པས་ཕྱག་རྩ་བརྟགས་པས། སྨན་པའི་ཞལ་ནས་ནད་འདུ་བ་བཞིའི་རྩ་ནི་མི་འདུག །བྱིང་འཐིབ་ཀྱི་རྩ་ཞིག་འདུག་པས་མི་གཙང་བའི་སྙུན་ནད་ཅིག་ཡིན་པ་འདྲ་ཟེར། དེར་མོ་མས་མོ་བཏབ། རྩིས་པས་རྩིས་བྱས་པ་ཐམས་ཅད་ཞལ་འཆམས་པར་མི་གཙང་བའི་མནོལ་གྲིབ་ཀྱིས་རྒྱལ་པོ་དང་ཡུལ་ལྷ་ཐམས་ཅད་འཁྲུགས་འདུག་ཟེར་བ་ལས། དེ་སྨན་པ་མོ་རྩིས་སོགས་ཀྱིས་རྒྱུ་རྐྱེན་གང་ལྟ་བུས་མནོལ་བ་མ་ཤེས།

རྒྱལ་པོའི་བཙུན་མོ་མོང་བཟའ་ཁྲི་ལྕམ་བྱ་བ་ལ་རྩོག་མནོལ་གྱི་བུ་གཅིག་བྱུང་བ་བཙུན་མོས་གསང་ནས་ཁོལ་མོ་གཅིག་ལ་གཏད་དེ་ཁྱོད་ཀྱིས་སུས་ཀྱང་མི་མཐོང་བར་སྦས་པ་གལ་ཆེ་ཟེར་བ་བཞིན་ཁོལ་མོས་ས་ཕུག་ཅིག་ཏུ་སྦས་པ་ས་བདག་གི་ལྟོ་བར་འཕྲད་པས་ས་བདག་ཡུལ་ལྷ་ཐམས་ཅད་ལ་མི་གཙང་བའི་གྲིབ་ཕོག་ནས་འཁྲུགས་པས་རྒྱལ་པོ་དང་ཡུལ་ཁམས་ཐམས་ཅད་དུ་མི་བདེ་བར་བྱུང་།

དེར་ཁོལ་མོ་ཡང་མི་གཙང་བའི་གྲིབ་ཕོག་ནས་ན་སྟེ་མགོ་དང་ཡན་ལག་ཐམས་ཅད་ཞ་གྲུམ་དུ་སོང་། སྨན་པ་བོས་ནས་བསྟན་པས་འདུ་བ་རྣམ་བཞིའི་ནད་མི་འདུག །མི་གཙང་བའི་མནོལ་གྲིབ་ཕོག་འདུག་པས་གང་གིས་མནོལ་མི་ཤེས་པས་ཁྱོད་ཀྱི་ནད་འདི་ལ་ཕན་པའི་ཐབས་གཞན་མེད་ཟེར་བ་ན། དེར་ཁོལ་མོས་ཁྲི་ལྕམ་གྱི་བུ་སྦས་ཚུལ་རྣམས་ཞིབ་ཏུ་བཤད་པས་གཅིག་སྨྲས་གཉིས་སྨྲས་རྒྱལ་པོའི་སྙན་དུ་གསན། རྒྱལ་པོས་ཁྲི་ལྕམ་བོས་ནས་དྲིས་པས། ཁྲི་ལྕམ་གྱིས་ཁོལ་མོ་ལ་སྲོག་ཉེན་ཡོང་དགོངས་ནས་དྲང་པོར་མ་ཞུས་པས། རྒྱལ་པོ་ཐུགས་དགོངས་འཁྲུག་ནས་ཁྲི་ལྕམ་ལ་ཆད་པ་གཅོད་དགོངས་པ་ལ། ཁྲི་ལྕམ་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་སྐྱབས་འཚོལ་དུ་སོང་།

དེར་ཨོ་རྒྱན་རིན་པོ་ཆེས་རྒྱལ་པོ་ལ་ཕྱག་མདུད་ཡི་གེ་དང་བཅས་པ་བསྐུར་ནས། ད་བཙུན་མོ་ཁྲི་ལྕམ་འདི་ལ་ཆད་པ་གཅོད་པར་དགོངས་པ་འདྲ་ཡང་། ང་སྣང་སྲིད་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན། སྣ་ཚོགས་ཀྱི་སྣང་བ་རྟེན་འབྲེལ་དུ་བསྒྱུར་ཤེས་པ་ཡིན་པས། མི་གཙང་བའི་མནོལ་གྲིབ་འདི་བས་ཉོན་མོངས་དུག་ལྔའི་གྲིབ་ཀྱང་སེལ་བར་བྱེད་ནུས། བྱ་སླ་བ་ཚིག་ཉུང་ལ་དོན་ཆེ་བའི་སེལ་ཐབས་ཡོད། རྫས་དང་ཡོ་བྱད་འདི་ལྟར་དགོས་པས་ཐམས་ཅད་ཚོགས་པར་གྱིས་ལ། རྒྱལ་པོ་ཐུགས་ཁྲེལ་མི་གནང་བར་སང་རྒྱལ་བློན་འཁོར་བཅས་བསམ་ཡས་ཧས་པོ་རིའི་རྩེ་མོར་བྱོན་ཅིག །ཅེས་གསུངས་འདུག་པས།

རྒྱལ་པོ་ཤིན་ཏུ་དགའ་སྟེ་རྫས་དང་ཡོ་བྱད་རྣམས་བསགས་ནས། སང་ཧས་པོ་རིའི་རྩེ་མོར་བྱོན་པ་ལ། དེར་སློབ་དཔོན་ཆེན་པོ་བཞུགས་ཏེ་རྒྱལ་པོའི་ཕྱག་ནས་བྱུང་བའི་རྫས་རྣམས་ཐབ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསྲེགས་ཏེ་ཆོ་ག་ནི་འདི་ལྟར་གསུངས་སོ། །

ཀྱཻ། སེམས་ཅན་ཀུན་ཀྱང་མ་རིག་འཐིབས་པས་མནོལ། །

ཉོན་མོངས་དུག་ལྔས་ཡེ་ཤེས་ལྷ་ལྔ་མནོལ། །

སྒོ་གསུམ་མི་དགེས་ལུས་ངག་ཡིད་གསུམ་མནོལ། །

འདུལ་ཁྲིམས་ཉམས་པས་ལུས་ཀྱི་མཁའ་འགྲོ་མནོལ། །

དམ་ཚིག་ཉམས་པས་རྡོ་རྗེ་སློབ་དཔོན་མནོལ། །

ཚོགས་གཏོར་ཆུང་བས་མ་དང་མཁའ་འགྲོ་མནོལ། །

ཕུད་ཉམས་ལྷག་མས་ཆོས་སྐྱོང་སྲུང་མ་མནོལ། །

སེར་སྣ་བསགས་པས་བཀའ་སྲུང་དམ་ཅན་མནོལ། །

ཏིང་འཛིན་འཁྲུགས་པས་སྲིད་པའི་མ་མོ་མནོལ། །

བརྩེ་གདུང་འཁྲུགས་པས་མཆེད་དང་ལྕམ་དྲལ་མནོལ། །

ཞེ་སྡང་འཁྲུགས་པས་ཞི་བའི་ལྷ་རྣམས་མནོལ། །

ང་རྒྱལ་འཁྲུགས་པས་རྒྱས་པའི་ལྷ་རྣམས་མནོལ། །

འདོད་ཆགས་འཁྲུགས་པས་དབང་གི་ལྷ་རྣམས་མནོལ། །

ཕྲག་དོག་འཁྲུགས་པས་དྲག་པོའི་ལྷ་རྣམས་མནོལ། །

གཏི་མུག་འཁྲུགས་པས་གསལ་བྱེད་ལྷ་རྣམས་མནོལ། །

དཀར་དམར་ཐབ་གཞོབ་ཡུལ་ལྷ་གཉན་པོ་མནོལ། །

འཐབ་འཁོན་འཁྲུགས་པས་བྱེས་ལྷ་གཉན་པོ་མནོལ། །

མི་གཙང་ཐབ་ཀྱིས་ཁྱིམ་ལྷ་གཉན་པོ་མནོལ། །

མི་གཙང་དྲི་མས་མགོན་སྐྱབས་ལྷ་རྣམས་མནོལ། །

ཁྱད་པར་མི་གཙང་བུད་མེད་བང་སྨེ་ཡིས། །

སྟེང་འོག་བར་གསུམ་ལྷ་ཀླུ་གཉན་རྣམས་མནོལ། །

ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་མནོལ། །

ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་མནོལ། །

 

ཀྱཻ། ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར། །

མགོ་མཇིང་རོ་སྟོད་ན་ཞིང་མིག་མི་གསལ། །

ངག་མནོལ་སྐད་འགག་ལྐུག་ཅིང་སྨྲ་མི་བདེ། །

མཆིལ་སྣབས་མང་ཞིང་སྣ་མཚུལ་ལྕེ་འོག་སྐྲང་། །

ཡིད་མནོལ་ཡིད་མི་བདེ་ཞིང་ཚིག་པ་ཟ། །

བརྗེད་ངེས་གཉིད་འཐིབས་བྱིང་ཞིང་མཚན་མོ་གཡེར། །

མགོ་མནོལ་མགོ་འཁོར་མིག་འགྲིབ་རྣ་བ་འོན། །

ཡན་ལག་མནོལ་བས་ཞ་གྲུམ་སྦྲིད་ཅིང་ན། །

ཕོ་མཚན་མནོལ་བས་མི་འགྲེང་རྩ་དཀར་མང་། །

མོ་མཚན་མནོལ་བས་སྲིད་ཀྱི་སྐྱེ་འཕྲོ་ཆད། །

རྒྱབ་བརྟེན་མནོལ་བས་གཞི་ཡི་ལས་མི་འགྲུབ། །

དགྲ་ལྷ་མནོལ་བས་དགྲ་སྲི་ཐད་ཀར་ལྡང་། །

བྱེས་ལྷ་མནོལ་བས་མགོ་འཐོམ་གྲོགས་དང་འབྲལ། །

མགྲོན་ལྷ་མནོལ་བས་མགྲོན་རྣམས་དོན་མི་འགྲུབ། །

གཞིས་ལྷ་མནོལ་བས་གཞི་ལ་སྡོད་མི་ཚུགས། །

ཡུལ་ལྷ་མནོལ་བས་ནང་འཁྲུགས་མུ་གེ་འབྱུང་། །

ཁང་ལྷ་མནོལ་བས་འཚག་ཅིང་ཙག་སྒྲ་འབྱིན། །

སྦྲ་ལྷ་མནོལ་ན་ཧྲུལ་ཞིང་ལྡོག་འགྱུར་མང་། །

ནོར་ལྷ་མནོལ་བས་སྟོང་ཞིང་འཕེལ་མི་འགྱུར། །

ཕྱུགས་ལྷ་མནོལ་བས་སྤུ་བྱི་ལྟས་ངན་འབྱུང་། །

ཞིང་ལྷ་མནོལ་ན་ཞིང་ས་ཁོལ་བུར་སྟོང་། །

ཐབ་ལྷ་མནོལ་ན་བཅུད་མེད་སྟོང་ཞིང་འགོང་། །

གྲོགས་ལྷ་མནོལ་ན་ཟ་ཁར་འགོང་པོ་འཇུག །

གོ་མཚོན་མནོལ་ན་གོ་རལ་རྣོ་མཚོན་རྟུལ། །

རྟ་ཕོ་མནོལ་ན་སྒལ་རྔོག་མགོ་ལག་ཉམས། །

སྒོ་ཁྱི་མནོལ་ན་སྐད་འགག་མཚན་རྫི་ཞན། །

ཁ་རྗེ་མནོལ་ན་མ་རབས་ལད་མོ་ཤོམས། །

དབང་ཐང་མནོལ་ན་བརྗེད་ངེས་དབང་པོ་ཞུམ། །

རླུང་རྟའི་ལྷ་མནོལ་སེམས་སྟོར་དོན་མི་འགྲུབ། །

སྲོག་གི་ལྷ་མནོལ་གཉིད་འཐིབས་དྲན་པ་ཉམས། །

ལུས་ཀྱི་ལྷ་མནོལ་ཤ་འགུལ་ཤ་རོ་ལྡང་། །

ཕྲག་ལྷ་མནོལ་ན་བཀྲག་མདངས་གཟི་མདངས་ཉམས། །

རྒྱབ་བརྟེན་ལྷ་སྲུང་མནོལ་ན་སེམས་མི་བདེ། །

ལུས་ཀྱི་ཤ་མནོལ་ཤ་འཆོར་ཉམས་སྟོབས་ཆུང་། །

རུས་མནོལ་རུས་ཀུན་ཟུག་ཅིང་སྲིན་འབུ་ལྡང་། །

ཁྲག་མནོལ་ཐིག་ལེ་པདྨ་རྣག་ཁྲག་འཛག །

ལྤགས་མནོལ་ཆུ་བུར་བརྡོལ་ཞིང་ཟ་ཕྲུག་བྱེད། །

ཆུ་རྒྱུས་རྩ་མནོལ་ཞ་གྲུམ་སྦྲིད་ཅིང་སྐྲང་། །

སྤུ་མནོལ་སྤུ་རྣམས་བྱི་ཞིང་གློག་སྐྱི་འཐུལ། །

གཞན་ཡང་རྨེ་མནོལ་རྩོག་མནོལ་རྨུགས་ཀྱིས་མནོལ། །

ཡུག་སའི་མནོལ་དང་རབས་ཆད་ཕོ་མོའི་མནོལ། །

ནལ་བུ་མོ་མཚན་ཟླ་མཚན་འཛག་པའི་མནོལ། །

ཟས་མནོལ་གོས་མནོལ་ཐབ་གཞོབ་འཁོན་གྱི་མནོལ། །

ཤི་བའི་དུར་སྲི་གསོན་པོའི་ནང་དམེའི་མནོལ། །

སྡིག་ཅན་བཤན་པ་མནའ་ཟན་གྲི་བོའི་མནོལ། །

ཕུད་ཉམས་མི་གཙང་ཡས་དང་གླུད་ཀྱིས་མནོལ། །

དེ་ལ་སོགས་པའི་མནོལ་གྲིབ་ཐམས་ཅད་ཀུན། །

འབྱུང་བའི་དྭངས་མ་ལྔ་ལས་གྲུབ་པ་ཡི། །

ས་ལ་བརྟེན་ཅིང་ཆུ་ཡིས་རབ་ཏུ་བརླན། །

མེ་ཡིས་དྲོད་བསྐྱེད་རླུང་གིས་རབ་བསྐྱོད་པས། །

རྩ་བ་ཀླུ་ཡི་གནས་ནས་སྐྱེས་པའི་ཤིང་། །

རྩེ་མོ་ལྷ་ཡི་གནས་སུ་སྨིན་པའི་ཤིང་། །

ལོ་འདབ་མི་ཡི་གནས་སུ་ཁྱབ་པའི་ཤིང་། །

དྲི་ཡིས་ཕྱོགས་རྣམས་མ་ལུས་ཁྱབ་པའི་ཤིང་། །

ཁ་དོག་དྲི་རོ་ནུས་བཅུད་ལྡན་པའི་ཤིང་། །

ཤིང་མཆོག་ཙནྡན་དཀར་དམར་ཨ་ག་རུ། །

གསེར་ཤིང་མཁན་པ་གཡུ་ཤིང་ཤུག་པ་དང་། །

དུང་ཤིང་བ་ལུ་སྟག་པ་སྤེན་དཀར་དང་། །

འོམ་བུ་རྦ་སྨྱུག་ཉ་སྦྲིད་གསེར་མགོ་དང་། །

ཕོ་ཤིང་མོ་ཤིང་བུ་ཤིང་ཤིང་སྣའི་ཚོགས། །

འབྲས་བུ་གསུམ་དང་བཟང་དྲུག་སྨན་སྣའི་ཚོགས། །

དྲི་ལྡན་རོ་ནུས་ཁ་དང་སྐ་བའི་རིགས། །

ནས་འབྲས་གྲོ་དང་སོ་བ་ཡུངས་མ་དང་། །

འབྲུ་སྣ་དཀར་ནག་འབྲུ་ཡི་རིགས་བྱེད་དང་། །

དར་ཟབ་རིན་ཆེན་རྩི་བཅུད་ཕྱེ་མར་དང་། །

གསེར་སྐྱེམས་ཆང་དང་ཤིང་ཏོག་ཁུ་བའི་བཅུད། །

དཀར་གསུམ་ཕུད་དང་མངར་གསུམ་དྭངས་མ་དང་། །

ཤ་ཁྲག་ལ་སོགས་དབང་པོ་རྣམ་ལྔའི་གསུར། །

བྱིན་གྱིས་བརླབས་པའི་དམ་རྫས་དཀར་དམར་དང་། །

གུ་གུལ་དཀར་ནག་དྲི་སྤོས་སྣ་ཚོགས་སོགས། །

ཕྱི་ནང་གསང་གསུམ་མནོལ་གྲིབ་བསལ་བའི་རྫས། །

མེས་བསྲེག་ཆུས་བཀྲུས་རླུང་གིས་རབ་གཏོར་བའི། །

ནམ་མཁའ་བཞིན་དུ་སྟོང་པར་གྱུར་པའི་ངང་། །

རཾ་ལས་སྐྱེས་པའི་མེ་ལ་བསྲེགས་པ་ཡི། །

དྲི་མཆོག་དྲི་གསུར་རྣམ་པ་སྣ་ཚོགས་ཀྱིས། །

ཡེ་ཤེས་དྲི་མེད་ངང་དུ་སངས་གྱུར་ཅིག །

 

ཀྱཻ། མ་རིག་དབང་གིས་མནོལ་ན་རང་བྱུང་ཡེ་ཤེས་བསང་། །

དུག་ལྔའི་དབང་གིས་མནོལ་ན་རིགས་ལྔའི་སངས་རྒྱས་བསང་། །

སྒོ་གསུམ་མི་དགེས་མནོལ་ན་སྐུ་གསུམ་ལྷ་རྣམས་བསང་། །

འདུལ་ཁྲིམས་ཞིག་པས་མནོལ་ན་ལུས་ཀྱི་མཁའ་འགྲོ་བསང་། །

ཕུད་ཉམས་ལྷག་མས་མནོལ་ན་ཆོས་སྐྱོང་སྲུང་མ་བསང་། །

ཚོགས་གཏོར་ཆུང་བས་མནོལ་ན་མ་དང་མཁའ་འགྲོ་བསང་། །

དམ་ཚིག་ཉམས་པས་མནོལ་ན་རྡོ་རྗེ་སློབ་དཔོན་བསང་། །

བརྩེ་གདུང་འཁྲུགས་པས་མནོལ་ན་མཆེད་དང་ལྕམ་དྲལ་བསང་། །

དམ་རྫས་ནང་འགྲས་མནོལ་ན་གཙང་རིས་མགོན་པོ་བསང་། །

སེར་སྣ་བསགས་པས་མནོལ་ན་ནོར་ལྷ་གཡང་ལྷ་བསང་། །

འཁོན་གྲིབ་མི་གཙང་མནོལ་ན་བཀའ་སྲུང་དམ་ཅན་བསང་། །

ཏིང་འཛིན་འཁྲུགས་པས་མནོལ་ན་སྲིད་པའི་མ་མོ་བསང་། །

བརྩེ་གདུང་ཆུང་བས་མནོལ་ན་སྙིང་རྗེའི་མགྲོན་རྣམས་བསང་། །

ཞེ་སྡང་འཁྲུགས་པས་མནོལ་ན་ཞི་བའི་ལྷ་རྣམས་བསང་། །

ང་རྒྱལ་འཁྲུགས་པས་མནོལ་ན་རྒྱས་པའི་ལྷ་རྣམས་བསང་། །

འདོད་ཆགས་འཁྲུགས་པས་མནོལ་ན་དབང་གི་ལྷ་རྣམས་བསང་། །

ཕྲག་དོག་འཁྲུགས་པས་མནོལ་ན་དྲག་པོའི་ལྷ་རྣམས་བསང་། །

གཏི་མུག་འཁྲུགས་པས་མནོལ་ན་གསལ་བྱེད་ལྷ་རྣམས་བསང་། །

གནོད་གྲིབ་འཁྲུགས་པས་མནོལ་ན་ཡུལ་ལྷ་གཉན་པོ་བསང་། །

འཐབ་འཁོན་འཁྲུགས་པས་མནོལ་ན་ཁྱིམ་ལྷ་གཉན་པོ་བསང་། །

ཉམས་ཆག་གྲིབ་མས་མནོལ་ན་ལྷག་པའི་ལྷ་རྣམས་བསང་། །

མི་གཙང་དྲི་ཡིས་མནོལ་ན་མགོན་སྐྱབས་ལྷ་རྣམས་བསང་། །

རབས་ཆད་དུར་སྲིས་མནོལ་ན་སྲིད་ཀྱི་ལྷ་རྣམས་བསང་། །

མནའ་ཟན་གྲི་བོས་མནོལ་ན་ཕོ་ལྷ་དགྲ་ལྷ་བསང་། །

སྡིག་ཅན་བཤན་པས་མནོལ་ན་ལྷག་པའི་ལྷ་རྣམས་བསང་། །

དམེ་ཡུགས་མི་གཙང་མནོལ་ན་སངས་བྱེད་ལྷ་རྣམས་བསང་། །

གཤིན་པོའི་རོ་གྲིབ་མནོལ་ན་ཕྲག་ལྷ་གཉན་པོ་བསང་། །

གསོན་པོའི་ནང་དམེས་མནོལ་ན་འགོ་བའི་ལྷ་ལྔ་བསང་། །

ཐབ་ཀྱིས་མནོལ་ན་ཁང་ལྷ་སྦྲ་ལྷ་བསང་། །

གཞོབ་ཀྱིས་མནོལ་ན་ཕ་ལྷ་མ་ལྷ་བསང་། །

ཡུགས་སས་མནོལ་ན་མ་ལྷ་བུ་རྫི་བསང་། །

ལུས་སྤྱི་མནོལ་ན་ལྷན་སྐྱེས་ལྷ་རྣམས་བསང་། །

ངག་མནོལ་གསུང་སྙན་གྲགས་སྟོང་ལྷ་རྣམས་བསང་། །

ཡིད་མནོལ་དྲན་བྱེད་གསལ་སྟོང་ལྷ་རྣམས་བསང་། །

ཡན་ལག་མནོལ་ན་བྱེས་ལྷ་མགྲོན་ལྷ་བསང་། །

 

ཀྱཻ། རྨུགས་པ་དྭངས་པར་བྱེད་པའི་ལྷ་རྣམས་བསང་། །

འཐིབ་པ་སངས་པར་བྱེད་པའི་ལྷ་རྣམས་བསང་། །

གཙང་རྩོག་དབྱེ་བར་བྱེད་པའི་ལྷ་རྣམས་བསང་། །

མནོལ་བ་སངས་པར་བྱེད་པའི་ལྷ་རྣམས་བསང་། །

ཁྱད་པར་མི་གཙང་བུད་མེད་བང་རྨེ་ཡིས། །

སྟེང་འོག་བར་གསུམ་ལྷ་ཀླུ་གཉན་ལ་སོགས། །

ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་དང་། །

ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་དང་། །

ནོར་ལྷ་གཡང་ལྷ་གོས་ནོར་ལོངས་སྤྱོད་ལ། །

མནོལ་གྲིབ་མི་གཙང་དྲི་མས་གོས་པ་རྣམས། །

རྩི་ཤིང་སྨན་མཆོག་དྲི་གསུར་སྣ་ཚོགས་དང་། །

ཕྱི་ནང་གསང་གསུམ་འདོད་ཡོན་དཔག་མེད་ཀྱིས། །

མི་གཙང་མནོལ་གྲིབ་དྲི་མ་སངས་གྱུར་ཅིག །

 

དེ་ནས་བྱེ་བྲག་ཏུ་བསང་བ་འདི་སྐད་དོ། །

ཀྱཻ། ཤིང་རྩི་དྲི་བཟང་སྨན་གྱི་དུད་པ་འདིས། །

བླ་མ་ཡི་དམ་མནོལ་བ་སངས་གྱུར་ཅིག །

ཡེ་ཤེས་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །

སྨན་སྣ་ཙནྡན་དྲི་ཡིས་སངས་གྱུར་ཅིག །

འཇིག་རྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །

སྤོས་དཀར་ཤིང་སྣའི་དྲི་ཡིས་སངས་གྱུར་ཅིག །

མ་སྲིང་མཁའ་འགྲོ་རྩོག་གིས་མནོལ་གྱུར་ན། །

བྷ་ལ་དྷཱ་ར་དྲི་ཡིས་སངས་གྱུར་ཅིག །

ཆོས་སྐྱོང་སྲུང་མ་རྩོག་གིས་མནོལ་གྱུར་ན། །

ཤ་ཁྲག་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །

གཙང་རིས་མགོན་པོ་རྩོག་གིས་མནོལ་གྱུར་ན། །

དཀར་གསུམ་མངར་གསུམ་དྲི་ཡིས་སངས་གྱུར་ཅིག །

ལྷ་སྲིན་སྡེ་བརྒྱད་རྩོག་གིས་མནོལ་གྱུར་ན། །

ཤིང་རྩི་སྨན་མཆོག་དྲི་ཡིས་སངས་གྱུར་ཅིག །

བཀའ་སྲུང་དམ་ཅན་རྩོག་གིས་མནོལ་གྱུར་ན། །

ཕྱེ་མར་འོ་སྐོལ་དྲི་ཡིས་སངས་གྱུར་ཅིག །

ལྷ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །

སྤོས་དཀར་གཡུ་ཤུག་དྲི་ཡིས་སངས་གྱུར་ཅིག །

ཀླུ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །

ཀླུ་སྨན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །

གཉན་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །

དར་ཚོན་སྟག་གཟིག་དྲི་ཡིས་སངས་གྱུར་ཅིག །

ས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །

ཉ་སྦྲིད་གསེར་མགོ་དྲི་ཡིས་སངས་གྱུར་ཅིག །

གནས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །

སྟག་པ་སུར་དཀར་དྲི་ཡིས་སངས་གྱུར་ཅིག །

གཞི་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །

མཁན་པ་གསེར་མགོ་དྲི་ཡིས་སངས་གྱུར་ཅིག །

ཡུལ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

རྦ་སྨྱུག་དཀར་གསུམ་དྲི་ཡིས་སངས་གྱུར་ཅིག །

ནོར་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

ཕྱེ་མར་ཟས་ཕུད་དྲི་ཡིས་སངས་གྱུར་ཅིག །

གཡང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

རིན་ཆེན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །

ཁང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

དར་ཟབ་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །

ཐབ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

ཤ་ཕུད་ཆང་ཕུད་དྲི་ཡིས་སངས་གྱུར་ཅིག །

ཞིང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

འབྲུ་ཟན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །

ཕོ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

དར་ཚོན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །

དགྲ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

ཕྱེ་མར་དཔའ་སྐྱེམས་དྲི་ཡིས་སངས་གྱུར་ཅིག །

བྱེས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

འབྲས་དཀར་རྩི་བཅུད་དྲི་ཡིས་སངས་གྱུར་ཅིག །

མགྲོན་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

ཤ་ཆང་གསེར་སྐྱེམས་དྲི་ཡིས་སངས་གྱུར་ཅིག །

སྐྱེས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

ལྷ་ཤིང་སུར་དཀར་དྲི་ཡིས་སངས་གྱུར་ཅིག །

ལུས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །

གུ་གུལ་དཀར་ནག་དྲི་ཡིས་སངས་གྱུར་ཅིག །

སྲུང་སྐྱོབ་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །

ཤིང་འབྲས་མེ་ཏོག་དྲི་ཡིས་སངས་གྱུར་ཅིག །

རིག་བྱེད་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །

གཡུ་ཤུག་བ་ལུའི་དྲི་ཡིས་སངས་གྱུར་ཅིག །

རྒྱབ་བརྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །

སྤོས་སྣ་ཤིང་སྣའི་དྲི་ཡིས་སངས་གྱུར་ཅིག །

ལུས་ཀྱི་གོ་མཚོན་རྩོག་གིས་མནོལ་གྱུར་ན། །

ལྷ་ཆབ་སྨན་སྣའི་དྲི་ཡིས་སངས་གྱུར་ཅིག །

ཟས་ནོར་ལོངས་སྤྱོད་རྩོག་གིས་མནོལ་གྱུར་ན། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཤེལ་སྒོང་བཞིན་དུ་ཕྱི་ནང་གསལ་གྱུར་ཅིག །

 

དེ་ནས་བསང་དུད་རྣམས་སྐུ་གསུང་ཐུགས་རྟེན་ལ་བདུག་ཅིང་འདི་སྐད་དོ། །

ཀྱཻ། བླ་མ་ཡི་དམ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

དཔའ་བོ་མཁའ་འགྲོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཆོས་སྐྱོང་སྲུང་མ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕོ་ཉ་ལས་མཁན་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཙང་རིས་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་སྲིན་སྡེ་བརྒྱད་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

འཇིག་རྟེན་སྐྱོང་བ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྟེང་གི་ལྷ་རྣམས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བར་གྱི་གཉན་རྣམས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

འོག་གི་ཀླུ་རྣམས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཞི་བདག་གནས་བདག་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མཆེད་དང་ལྕམ་དྲལ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

འཇིག་རྟེན་ལྷ་སྲུང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ས་གཞིའི་གནས་ས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

རྒྱུད་ཀྱི་ལྷ་སྲུང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

འགོ་བའི་ལྷ་ལྔ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མ་ལྷ་བུ་རྫི་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

རྟ་ལྷ་འཕན་པོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ནོར་ལྷ་ཕྱུག་པོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལུག་ལྷ་མེན་པོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ར་ལྷ་ཚེར་མོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཞིང་ལྷ་ཚངས་པ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕུག་ལྷ་གེ་ཐུང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྒོ་ལྷ་སྟག་གཡག་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཐབ་ལྷ་ཡོལ་མོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕོ་ལྷ་དགྲ་ལྷ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ནོར་ལྷ་གཡང་ལྷ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕྱུགས་ལྷ་མཛོད་ལྷ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཟས་ལྷ་གྲོགས་ལྷ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བྱེས་ལྷ་མགྲོན་ལྷ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

 

ཕྱི་ནང་གི་རྟེན་རྫས་སོགས་ལ་བདུག་ཅིང་འདི་སྐད་དོ། །

ཀྱཻ། རྣལ་འབྱོར་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །

ལྷ་དང་སྲུང་མ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་ཁང་དྲི་མེད་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་གོས་བེར་ཁྲབ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་རྒྱན་ལྷབ་ལྷུབ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་མཚོན་རྣོ་ངར་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་ཟས་རོ་བརྒྱ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་བཏུང་གསེར་སྐྱེམས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་རྟ་བཙན་པོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་གཡག་ཞོལ་མོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་ལུག་དོན་པོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་ར་ཁྲ་བོ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྲུང་མའི་དམ་རྫས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྲུང་མའི་སྤྱན་གཟིགས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མཆོད་རྫས་སྒྲུབ་རྫས་མནོལ་བ་ཡོད་ན་ཡང་།

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

རྟེན་རྫས་སྣ་ཚོགས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ལྷ་སྲུང་ཐུགས་དང་འགལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

 

དེ་ནས་མི་ནོར་སོགས་ལ་བདུག་ཅིང་འདི་སྐད་དོ། །

ཀྱཻ། བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །

སྲིད་ཀྱི་དབང་ཐང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མཁས་པའི་བཙུན་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཙོ་བོའི་བློ་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཞོན་ནུའི་དཔའ་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྐྱེན་པོའི་མཐེབ་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མང་པོའི་ཚོགས་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

རྟ་ཕོའི་མགྱོགས་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕྱུགས་ཀྱི་འཕེལ་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཟས་ཀྱི་བཅུད་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བཙན་པོའི་སྟོབས་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕྱུག་པོའི་ནོར་གཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

འཕན་པོའི་དར་ཡང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བཙན་ཕྱུག་འཕན་གསུམ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཞན་ཡང་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །

གྱོན་པའི་བེར་གོས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བཏགས་པའི་རྣོ་མཚོན་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བཏུང་བའི་ཟས་སྐོམ་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཞི་མལ་གནས་ས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

འདུག་པའི་མལ་སྟན་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མི་ནོར་རིགས་བརྒྱུད་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བྲན་དང་སྒོ་ཁྱི་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཟས་ནོར་ལོངས་སྤྱོད་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྟོབས་དང་མངའ་ཐང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བཀྲག་དང་གཟི་མདངས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཚེ་དང་བསོད་ནམས་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཁ་རྗེ་དབང་ཐང་མནོལ་བ་ཡོད་ན་ཡང་། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག

 

དམིགས་བསལ་གྱི་ནད་པ་འདྲ་ཡོད་ན་འདི་ལྟར་བྱ། །

ཀྱཻ། ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཉོན་མོངས་དུག་ལྔའི་གདུང་བ་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

འདོད་ཆགས་ལས་གྱུར་རླུང་ནད་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཞེ་སྡང་ལས་བྱུང་མཁྲིས་ནད་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

གཏི་མུག་ལས་བྱུང་བད་ཀན་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

འདུ་བ་རྣམ་བཞིའི་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

སྙིང་རླུང་རྒྱལ་པོའི་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

གློ་གཟེར་ཀླུ་བཙན་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

མཆིན་རྒྱུ་ས་བདག་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

མཚེར་གློ་གྲི་བོའི་ནད་རྣམས་སངས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

མཁལ་གྲུམ་ཀླུ་བསེན་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཕོ་གཅོང་ཡིད་འགོང་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

མགོ་དང་ཡན་ལག་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཤ་དང་ལྤགས་པའི་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཁྲག་དང་ཆུ་སེར་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

རུས་དང་སྲིན་བུའི་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

རྩ་དང་ཆུ་རྒྱུས་ནད་རྣམས་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

མདངས་དང་དབང་པོ་ཉམས་པ་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

དབུགས་དང་རྣམ་ཤེས་ཉམས་པ་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

དཔལ་དང་མཐུ་སྟོབས་ཉམས་པ་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཚེ་དང་བསོད་ནམས་ཉམས་པ་སངས་གྱུར་ཅིག །

ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །

བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །

ཁ་རྗེ་དབང་ཐང་ཉམས་པ་སངས་གྱུར་ཅིག །

 

དེ་ལྟར་གྱི་དམིགས་བསལ་མེད་ན་གོང་གི་འཕྲོ་ནས་འདི་བཞིན་བྱ། །

གཞན་ཡང་བདག་ཅག་དཔོན་སློབ་འཁོར་བཅས་ལ། །

དམེ་མནོལ་རྩོག་གིས་མནོལ་དང་གྲིབ་ཀྱིས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཐབ་དང་གཞོབ་ཀྱིས་མནོལ་དང་ཡུག་སས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

བྱི་བྱས་རབས་ཆད་ཟླ་མཚན་ནལ་བུས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

མཛེ་ཅན་གཅོང་པོ་དམ་ཉམས་གྲིབ་ཀྱིས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

དྲི་ཅན་དྲི་ངན་ཅན་དང་རྨུག་དྲིས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཤི་བའི་དུར་སྲི་གསོན་པོའི་ནང་དམེས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

སྡིག་ཅན་བཤན་པ་མནའ་ཟན་གྲི་བོས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ཕུད་ཉམས་མི་གཙང་ཡས་དང་གླུད་ཀྱིས་མནོལ། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

གཞན་ཡང་མི་གཙང་མནོལ་གྲིབ་མ་ལུས་ཀུན། །

ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །

ནམ་མཁའ་སྤྲིན་དྭངས་བཞིན་དུ་སངས་གྱུར་ཅིག །

ཉི་ཟླའི་འོད་མདངས་བཞིན་དུ་རྒྱས་གྱུར་ཅིག །

ཟླ་བ་ཡར་ངོ་བཞིན་དུ་འཕེལ་གྱུར་ཅིག །

མེ་ཏོག་འདབ་སྟོང་བཞིན་དུ་རྒྱས་གྱུར་ཅིག །

སྟོན་ཀའི་འབྲུ་དྲུག་བཞིན་དུ་སྨིན་གྱུར་ཅིག །

ཆབ་སྲིད་ལྷུན་པོ་བཞིན་དུ་བརྟན་གྱུར་ཅིག །

དགོས་འདོད་ནོར་བུ་བཞིན་དུ་འབྱུང་གྱུར་ཅིག །

ཆོས་བརྒྱུད་ཉི་ཟླ་བཞིན་དུ་གསལ་གྱུར་ཅིག །

འཁོར་འབངས་སྐར་ཚོགས་བཞིན་དུ་འཁོར་གྱུར་ཅིག །

ནོར་ཕྱུགས་རྩི་ཤིང་བཞིན་དུ་རྒྱས་གྱུར་ཅིག །

སྙན་གྲགས་འབྲུག་སྒྲ་བཞིན་དུ་ཁྱབ་གྱུར་ཅིག །

ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །

ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །

 

ཅེས་གསུངས་ནས། རྒྱལ་བློན་འཁོར་དང་བཅས་པ་རྣམས་ཐེ་ཚོམ་མ་བྱེད། འདི་ལྟ་བུ་ཉམས་ལེན་བྱས་ན་དོན་དང་ལྡན་པ་ཡིན་ནོ་གསུངས་སོ། །

དེ་ནས་རྒྱལ་བློན་འཁོར་བཅས་དགའ་ཞིང་མགུ་ནས་ཡི་རང་སྟེ། གསེར་གྱི་མཎྜལ་ཕུལ་ཏེ་ཕྱག་དང་བསྐོར་བ་བྱས་ནས་འདི་སྐད་དོ། །ཀྱཻ། སློབ་དཔོན་ཆེན་པོ་ལགས། རྒྱུན་དུ་ཉམས་ལེན་ཇི་ལྟར་བྱ། དོན་ཇི་ལྟར་ལགས། ཞུས་པས།

སློབ་དཔོན་ཆེན་པོའི་ཞལ་ནས། ཀྱཻ། རྒྱལ་པོ་ཆེན་པོ་ལགས། སྤྱིར་དལ་འབྱོར་གྱི་མི་ལུས་ཐོབ་པ་དོན་ལྡན་དུ་བྱེད་དགོས། དེའི་ཐབས་སུ་བྱང་ཆུབ་ཀྱི་རྒྱུ་སྒྲུབ་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་སྲུང་མ་ལ་གསོལ་བ་བཏབ་པས།

བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་སེལ་ཞིང་མཆོག་ཐུན་མོང་གི་དངོས་གྲུབ་མཐུན་རྐྱེན་བསྒྲུབ་པ་ཡིན་པས་དེའི་ཆེད་དུ་ལྷ་དང་སྲུང་མ་བསྟེན་དགོས་པ་ཡིན།

བསང་བྱ་བ་ནི་ཉོན་མོངས་དུག་ལྔའི་སྒྲིབ་མནོལ་སྦྱོང་ཞིང་། ལྷ་དང་སྲུང་མ་མི་འབྲལ་བར་འཁོར་བའི་ཐབས་ཡིན་པས། རྒྱུན་དུ་བསང་བྱ་བ་དོན་དང་ལྡན་པ་ཡིན།

ལྷག་པར་མནོལ་གྲིབ་མི་གཙང་བ་མྱུར་དུ་སེལ་བའི་ཐབས་སུ་སྔ་དྲོ་ལྷ་བསང་བྱ། ཕྱི་དྲོ་མནོལ་བསང་དང་མནོལ་ཁྲུས་བྱས་ན་གྲིབ་དང་མི་གཙང་བ་ཐམས་ཅད་སྦྱངས། ལྷ་དང་སྲུང་མ་འཁོར། ཟས་ནོར་ལོངས་སྤྱོད་ལ་བྱིན་ཆགས། ལུས་ཀྱི་འདུ་བ་ཆ་སྙོམས། བཀྲག་དང་གཟི་མདངས་བསྐྱེད། ཁམས་དང་དབང་པོ་གསལ། ཀུན་གྱིས་ཡིད་དུ་འོང་། སྣང་སྲིད་ལྷ་འདྲེས་བཀའ་ལ་ཉན། འགལ་རྐྱེན་བར་ཆད་ཀྱི་དྲི་མས་མི་གོས་པ་སོགས་ཡོན་ཏན་མང་པོ་དང་ལྡན་པ་ཡིན་གསུངས་སོ། །

དེར་རྒྱལ་པོའི་ཞལ་ནས། ལེགས་སོ་སློབ་དཔོན་ཆེན་པོ་ལགས། མནོལ་ཁྲུས་བྱ་བ་ཇི་ལྟར་ཡིན་ལགས་ཞུས་པས།

སློབ་དཔོན་ཆེན་པོའི་ཞལ་ནས། མནོལ་ཁྲུས་བྱ་བ་ནི་སྤྱིར་མདོ་སྔགས་སོ་སོའི་ལུགས་དང་འདྲ། རྫས་སྦྱོར་སོགས་དབྱེ་བ་མང་དུ་ཡོད་ཀྱང་འདིའི་སྐབས་སུ་གོང་གི་སྨན་རྫས་དང་དྲི་སྣ་ཚོགས་ཆུ་གཙང་དང་སྦྱར་ནས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་ལ་ཡུལ་ཕྱོགས་སུ་ཆབ་གཏོར་བྲན་ན་ཡུལ་ཁྲུས་དང་། ཡང་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་ཁྲུས་གསོལ་བྱ་བ་ནི་རྟེན་ཁྲུས་དང་།

མི་ནད་ཕྱུགས་ནད་སོགས་ལ་རྡོ་རྗེ་རྣམ་འཇོམས་ཁྲོ་བོ་རྨེ་བརྩེགས་བདུད་རྩི་འཁྱིལ་བ་སོགས་ཀྱི་ང་རྒྱལ་དང་ལྡན་པས་གྲིབ་ཁྲུས་དང་ནོར་རྫས་སོགས་ལ་གྲིབ་ཕོག་ན་ཁྲུས་ཆབ་བྲན་པས་ཆོག་པ་ཡིན་གསུངས་སོ། །

དེར་རྒྱལ་པོ་ཆེན་པོ་དགྱེས་ཤིང་གུས་པས་ཐལ་མོ་སྦྱར་ཏེ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་སླར་ཕོ་བྲང་དུ་གཤེགས་སོ། །དེ་ནས་ཡུན་རིང་མ་ལོན་པར་རྒྱལ་པོའི་སྙུང་ནད་དྭངས་ཏེ། ཡུལ་ཁམས་བོད་དུ་བཀྲ་ཤིས་པའི་དགེ་ལྟས་མང་པོ་བྱུང་ངོ་། །

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ཞེས་བྱ་བ་རྫོགས་སོ། །

མནོལ་བསང་འདི་དང་བསང་བརྔན་བདེ་ལེགས་ཀུན་འབྱུང་བཅས་གཏེར་ལ་མ་སྦས་པར་པེ་ཧར་དཀོར་མཛོད་གླིང་གི་ཕྱི་ཁྱམས་ལྡེབས་རིས་སུ་བཏབ་པར་མཛད་པས་བསམ་ཡས་ལོགས་བྲིས་མར་གྲགས། དེ་ལས་དཔེ་རྒྱུན་འཕེལ་ཏེ་དབུས་གཙང་ཕྱོགས་སུ་རྒྱ་ཆེར་འཕེལ་ཞིང་། ལྷག་པར་སློབ་དཔོན་བཻ་རོ་ཙ་ནས་དཔེ་བསྣམས་ཏེ་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་ཞོར་མདོ་སྨད་དུ་ལྡི་རི་ཆོས་ཀྱི་གྲགས་པ་ལ་གནང་བ་ནས་རིམ་པར་བརྒྱུད་དེ་མདོ་ཁམས་སྨད་ཕྱོགས་སུ་ད་ལྟའི་བར་དར་རྒྱས་ཤིན་ཏུ་ཆེའོ། །སརྦ་མངྒ་ལཾ།

འདི་ལ་གྲོང་སྔགས་མཁས་བླུན་མང་པོའི་ཁ་ཏོན་ལག་བྲིས་ཀྱི་དཔེ་རྒྱུན་ཚིག་རིས་ཅུང་ཟད་འདྲ་མིན་མང་དུ་སྣང་བ་ལས་དཔེ་དག་པ་འགའ་ཞིག་ལ་གཞི་བཅོལ་ཏེ་ཞུས་དག་དཔྱད་བཟོད་པའི་ཁུལ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཙང་བཤུས་སུ་སྤེལ་བ་དགེ །

 

པདྨ་འབྱུང་གནས།

Guru Padmasambhava

Further information:

BDRC Author Profiles: P4956 P736

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept