The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Lumorab Lineage Prayer—Tibetan

English | བོད་ཡིག

༄༅། །ཀླུ་མོ་རབ་ཀྱི་བརྒྱུད་འདེབས་བཞུགས།

 

ན་མོ་གུ་རུ།

ངེས་གསང་གི་རྩེ་མོ་བྱང་ཆུབ་སེམས། །

སྲིད་ཞིའི་ཆོས་ཟུང་འཇུག་མཉམ་པར་བརྡལ། །

གྲངས་མེད་ཀྱི་གྲུབ་རིགས་གཙུག་ན་ཏོག །

དཔལ་མགོན་རྗེ་འཁྲུལ་ཞིག་གླིང་པ་མཁྱེན། །

 

རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོར་འཇུག །

རྒྱལ་བསྟན་དང་སེམས་ཅན་ཕན་བདེའི་གཉེན། །

རྒྱལ་ཀུན་གྱི་དགོངས་པའི་ཀློང་དུ་ཕེབས། །

རྗེ་བཙུན་དཔལ་བསོད་ནམས་མཐའ་ཡས་མཁྱེན། །

 

མདོ་སྔགས་ཀྱི་ཤིང་རྟ་བེ་རོ་རྗེའི། །

རྗེས་བརྩེ་ཡི་སྣང་བ་ཡོངས་ཤར་ནས། །

མཆོག་གསུམ་གྱི་ཨ་ཏིར་འཁོར་ལོས་བསྒྱུར། །

རིག་འཛིན་རྗེ་སྐུ་གསུམ་གླིང་པ་མཁྱེན། །

 

རྒྱལ་བ་ཉིད་རྒྱལ་བའི་སྲས་སུ་བལྟམས། །

སྔ་འགྱུར་གྱི་བསྟན་པའི་གསང་མཛོད་འཛིན། །

མཁས་གྲུབ་ཀྱི་རྣམ་ཐར་བསམ་མི་ཁྱབ། །

སྐྱབས་མཆོག་རྗེ་པདྨ་དབང་ཆེན་མཁྱེན། །

 

ཟབ་གཏེར་ཀུན་བཀའ་ཡི་བསྡུ་བ་མཛད། །

སྔོན་བྱོན་གྱི་དམ་པའི་རྗེས་སུ་ཞུགས། །

གྲུབ་གཉིས་མཆོག་དཔལ་རྟག་པ་རོལ། །

དྲིན་ཆེན་རྗེ་རསྨི་བཛྲ་མཁྱེན། །

 

རིས་མེད་ཀྱི་ཡོངས་འཛིན་གཙུག་ན་མཆོག །

སྨིན་གྲོལ་གྱི་གདམས་ཟབ་ཐུགས་ལ་ཕེབ། །

འཁྲུལ་རྟོག་གི་འཛིན་རྩོལ་དབྱིངས་སུ་ཡལ། །

གྲུབ་དབང་མཆོག་ཡེ་ཤེས་རྡོ་རྗེ་མཁྱེན། །

 

དོན་བརྒྱུད་ཀྱི་དགོངས་པའི་རྩལ་ཆེན་རྫོགས། །

ཀུན་བཟང་གི་སྤྱོད་པས་གཞན་སྣང་བསྒྱུར། །

འོད་གསལ་གྱི་སྣང་བ་ཚད་ལ་ཕེབས། །

རྒྱལ་སྲས་རྗེ་ཆོས་དབྱིངས་རྡོ་རྗེ་མཁྱེན། །

 

འཇམ་དཔལ་གྱི་བྱིན་རླབས་ཐུགས་ལ་ཞུགས། །

ཟག་མེད་ཀྱི་དགོངས་པའི་མཚོ་ཆེན་བརྡོལ། །

རང་གྲོལ་ལ་སྤྱོད་པའི་ཧེ་རུ་ཀ །

མཁས་གྲུབ་རྗེ་ཕན་བདེའི་འོད་ཟེར་མཁྱེན། །

 

ཐུགས་རྗེ་ཅན་ཕྱག་ན་པད་དཀར་འཆང་། །

གསང་སྟོན་གྱི་གྲུབ་པའི་སྐུར་བཞེངས་པ། །

བརྟུལ་ཞུགས་ལ་སྤྱོད་པའི་རིག་པ་འཛིན། །

འགྲོ་མགོན་རྗེ་དོན་གྲུབ་དབང་རྒྱལ་མཁྱེན། །

 

མཐུ་སྟོབས་ཀྱི་དབྱུག་རྡོ་རྗེ་འཛིན། །

བདག་ཅག་གི་མོས་ངོར་དགེ་བའི་བཤེས། །

གཞུང་ལུགས་ཀུན་གདམས་པར་དྲིལ་ནས་སྟོན། །

ཆོས་ཀྱི་རྗེ་མཁྱེན་བརྩེའི་ནོར་བུར་མཁྱེན། །

 

གཞོན་ནུའི་མཆོག་ཟུར་ཕུད་ལྔ་པའི་གར། །

འཆད་རྩོད་ཀྱིས་རྒྱལ་བསྟན་གསལ་བར་མཛད། །

འཇིགས་མེད་ཀྱི་ཁྱུ་མཆོག་སྨྲ་བའི་མཛོད། །

སེམས་དཔའ་ཆེ་ཆོས་ཀྱི་གྲགས་པ་མཁྱེན། །

 

མཚོ་རྒྱལ་མ་གདུལ་བྱའི་སྣང་ངོ་རུ། །

མིག་གཟུགས་སུ་བྱོན་པ་རྣལ་འབྱོར་མ། །

བྱིན་རློབ་དང་མཁྱེན་བརྩེ་ནུས་པའི་མཛོད། །

ཀུན་བཟང་མོ་ཆོས་ཀྱི་སྒྲོལ་མ་མཁྱེན། །

 

གཏེར་ཆེན་རྗེའི་དུས་ན་ཨརྤ་ལ། །

བདག་ཅག་གི་འདྲེན་མཆོག་བརྩེ་བའི་བདག །

ལུགས་གཉིས་ལ་མཁྱེན་པའི་དཔལ་མངའ་བ། །

ངག་དབང་རྗེ་བསྟན་འཛིན་ཆོས་རྗེ་མཁྱེན། །

 

འཕགས་ཡུལ་དུ་གྲུབ་ཆེན་སཱ་ར་ཧ། །

བོད་ཡུལ་དུ་མར་པ་ལོ་ཙཱ་བ། །

སྨྱོན་པ་ཡི་རྟུལ་ཞུགས་སྤྱོད་མཛད་པ། །

གྲུབ་ཆེན་མགོན་པདྨ་རྣམ་རྒྱལ་མཁྱེན། །

 

པད་དཀར་མགོན་བདག་ཅག་འདྲེན་པའི་དཔལ། །

རྒྱལ་ཀུན་གྱི་ངོ་བོ་གཅིག་བསྡུས་པ། །

མཁྱེན་བརྩེ་ནུས་པའི་དཔལ་མངའ་བ། །

འཇམ་དབྱངས་ཆོས་ཀྱི་གྲགས་པ་མཁྱེན། །

 

ལོ་ན་ནི་རྒས་ཤིང་ཁོག་པ་ལ། །

སྤྱོད་པ་ནི་བྱི་བའི་སྤྱོད་པ་ཅན། །

སུ་ཡི་ཡང་ཁ་ལ་མི་ཉན་པ། །

སྨྱོན་པ་གཅིག་ཀུན་བཟང་དབང་རྒྱལ་མཁྱེན། །

 

བདག་ཅག་ལ་ལྷ་སྐལ་བབ་པའི་མགོན། །

གྲུབ་པའི་རྗེ་ཡབ་སྲས་མཆོག་རྣམས་ལ། །

གདུང་ཤུགས་ཀྱི་གསོལ་བ་བཏབ་པའི་མཐུས། །

བྱིན་རླབས་དགོངས་པ་འཕོ་བར་ཤོག །

འཕགས་ཆེན་གྱི་བརྟུལ་ཞུགས་སྤྱི་དང་ནི། །

བཀའ་གདམས་ཀྱི་དགོངས་སྤྱོད་མ་ཉམས་པ། །

འདི་སྣང་ལ་ལེགས་ཉེས་འདམ་ཁ་བྲལ། །

ཆོས་བརྒྱད་ཀྱི་གྲགས་སྐམ་རབ་ཏུ་སྤངས། །

འཕགས་ནོར་གྱི་བདག་རྒྱུད་ཕྱུགས་པར་མཛོད། །

དཔལ་མགོན་གྱི་དམ་པ་ཁྱེད་རྣམས་ལྟར། །

གཟུང་འཛིན་ཆོས་ཐད་ཀར་ཞིག་པ་དང་། །

རྒྱལ་གྲོལ་གྱི་རིག་པ་གཟའ་གཏད་བྲལ། །

སྣང་སྲིད་ཀུན་ཡང་དག་སྣང་བ་ཤར། །

ཚེ་འདི་ལ་མཆོག་གི་གྲུབ་བརྙེས་མཛོད། །

བདག་ཅག་རྣམས་སྐྱེ་བའི་ཕྲེང་བ་ཀུན། །

རྗེ་བཙུན་གྱི་དམ་པ་ཁྱེད་རྣམས་དང་། །

འབྲལ་མེད་དུ་བདུད་རྩིའི་དཔལ་ལ་སྤྱོད། །

ཕྱམ་གཅིག་ཏུ་མངོན་པར་བྱང་ཆུབ་ནས། །

མཐའ་ཡས་ཀྱི་འགྲོ་བ་སྒྲོལ་བར་ཤོག །

 

ཅེས་དམ་པ་མཆོག་རྣམས་ལ་མི་ཕྱེད་པའི་དད་པའི་སྐལ་བཟང་ཐོབ་པ་སྒྲུབ་བརྩོན་ཀུན་བཟང་གི་བསྐུལ་ངོར་མི་ལྡོག་ཙམ་དུ་སྐྱབས་གསུམ་འཛིན་པ་དཀོན་མཆོག་འབངས་པས་བྲིས། ༈ གོང་དུ་པདྨ་དབང་ཆེན། རསྨི་བཛྲ། དོན་འགྲུབ་དབང་རྒྱལ། མཁྱེན་བརྩེའི་ནོར་བུ། ཆོས་ཀྱི་གྲགས་པ་རྣམས་ཁ་སྐོང་བ་མཛད་པ་པོ་འཇམ་དཔལ་བདེ་བའི་ཉི་མ་དང་། ཡེ་ཤེས་རྡོ་རྗེ། ཆོས་དབྱིངས་རྡོ་རྗེ། ཕན་བདེའི་འོད་ཟེར་རྣམས་ཁ་སྐོང་པ་པོ་མཁྱེན་བརྩེའི་ནོར་བུའི་གསུངས་ཡིན་ནོ།

 

ཡེ་ཤེས་རྡོ་རྗེ།

Lumorab Monastery

Further information:

BDRC Author Profiles: P5114 P8028

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept