Prayer to Pakmodrupa—Tibetan
༄༅། །རྗེ་ཕག་མོ་གྲུ་པའི་སྐུ་བསྟོད་གསོལ་འདེབས།
ན་མོ་གུ་རུ།
སེམས་ཉིད་སྐྱེ་མེད་རྡོ་རྗེའི་དོན་རྟོགས་ནས། །
ཉོན་མོངས་ལ་སོགས་དགྲ་ཡི་གཡུལ་ལས་རྒྱལ། །
གཞན་དོན་ལྷུར་མཛད་བརྩེ་བའི་དགོངས་པ་ཅན། །
མཚན་མཆོག་དོན་ལྡན་བླ་མ་ཁྱེད་ལ་འདུད། །
སྣང་མེད་ཆོས་ཀྱི་དབྱིངས་ཀྱི་གནས་མཆོག་ནས། །
ཐུགས་རྗེས་འགྲོ་དོན་མ་ལུས་རྫོགས་མཛད་པའི། །
སྤྲུལ་སྐུ་དེ་ནི་བདག་གི་བླ་མ་སྟེ། །
སྒོ་གསུམ་གུས་པས་སྤྱི་བོའི་གཙུག་གིས་འདུད། །
དཀར་དམར་སྣང་བ་སེམས་ཀྱི་བདེ་སྡུག་སོགས། །
མཉམ་ཉིད་དོན་ལ་གཡོ་བ་མི་མངའ་ཡང་། །
བླ་མ་ཁྱེད་ནི་རྟག་ཏུ་མཉམ་པར་བཞུགས། །
འགྱུར་མེད་ཆོས་སྐུ་བླ་མ་ཁྱེད་ལ་འདུད། །
གྲུབ་པ་ཐོབ་པའི་བླ་མ་མཆོག་རྣམ་དང་། །
དཔའ་བོ་དཔའ་མོའི་དཀྱིལ་འཁོར་ལྷ་ཚོགས་དང་། །
སྐལ་ལྡན་བྱང་ཆུབ་སེམས་པའི་འཁོར་ཚོགས་ཀྱིས། །
ཉིན་མཚན་རྒྱུན་དུ་སྤྲིན་བཞིན་གཏིབས་གྱུར་ཀྱང་། །
སྟོང་ཉིད་སྙིང་རྗེའི་ངང་དུ་ལོངས་སྤྱོད་པ། །
ལོངས་སྤྱོད་རྫོགས་སྐུ་བླ་མ་ཁྱེད་ལ་འདུད། །
རང་སེམས་རིག་པ་ཡེ་ཤེས་བླ་མར་ཤར། །
དཀར་དམར་སྣང་བ་ཆོས་སྐུའི་བླ་མར་ཤར། །
འགྲོ་དྲུག་སེམས་ཅན་སྤྲུལ་སྐུའི་བླ་མར་ཤར། །
བླ་མ་སུམ་ལྡན་རྗེ་བཙུན་ཁྱེད་ལ་འདུད། །
བླ་མའི་མོས་གུས་དངོས་གྲུབ་རྩ་བར་སྟོན། །
བྱམས་དང་སྙིང་རྗེ་ཐེག་ཆེན་རྩ་བར་སྟོན། །
མ་བཅོས་ཤེས་པ་གདམས་ངག་རྩ་བར་སྟོན། །
གདམས་པ་སུམ་ལྡན་རྗེ་བཙུན་ཁྱེད་ལ་འདུད། །
འདོད་ཆགས་རྣམ་དག་བདེ་བ་ཆེན་པོར་ཤར། །
ཞེ་སྡང་རྣམ་དག་བྱམས་པ་ཆེན་པོར་ཤར། །
གཏི་མུག་རྣམ་དག་འོད་གསལ་ཆེན་པོར་ཤར། །
ཏིང་འཛིན་སུམ་ལྡན་རྗེ་བཙུན་ཁྱེད་ལ་འདུད། །
རྟོགས་པའི་དབང་གིས་སྣང་བ་དབང་དུ་སྡུད། །
མོས་གུས་དབང་གིས་བྱིན་རླབས་དབང་དུ་སྡུད། །
སྙིང་རྗེའི་དབང་གིས་འགྲོ་དྲུག་དབང་དུ་སྡུད། །
དབང་སྡུད་སུམ་ལྡན་རྗེ་བཙུན་ཁྱེད་ལ་འདུད། །
མཉམ་པ་མེད་པ་འགྲོ་བའི་མགོན་པོ་མཆོག །
གསང་སྔགས་ཟབ་མོའི་རྟེན་འབྲེལ་སྣ་ཚོགས་ཀྱིས། །
སྐལ་ལྡན་ཐར་པའི་ལམ་ལ་འགོད་མཛད་པ། །
ཐབས་ཆེན་མངའ་བ་བླ་མ་ཁྱེད་ལ་འདུད། །
བླ་མ་ཁྱེད་ཀྱི་ཡོན་ཏན་རྒྱ་མཚོ་ལ། །
རང་གི་མོས་པ་རྗེ་ཡི་བྱིན་རླབས་ཀྱིས། །
ཆ་ཙམ་བརྗོད་པའི་དགེ་བས་འགྲོ་བ་རྣམས། །
སེམས་ཉིད་ནམ་མཁའ་ཡོངས་སུ་དག་པར་ཤོག །
འགྱུར་མེད་ལྟ་བ་ལྷུན་གྱིས་འགྲུབ་པར་ཤོག །
ཡེངས་མེད་སྒོམ་ལ་རྒྱུན་ཆད་མེད་པར་ཤོག །
ལུས་ངག་སྤྱོད་པའི་ཆགས་སྡང་ཞི་བར་ཤོག །
འབྲས་བུ་སྐུ་གསུམ་རང་ལ་སྨིན་པར་ཤོག །
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
ཅེས་ཕག་མོ་གྲུ་པའི་སྐུ་བསྟོད་གསོལ་འདེབས་འདི། ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་མཛད་པའོ།། སརྦ་མངྒ་ལཾ།།