The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Advice—Tibetan

English | བོད་ཡིག

༄༅། །ཞལ་གདམས།

ཀྱེ་མ། སྙིགས་མའི་མཐའ་རུ་སྐྱེས་པའི། །
ང་འདྲ་མདོ་མེད་འདི་ཚོ། །
བསམ་བློ་ནང་དུ་ཁུགས་དང་། །
རང་བསམ་རང་ལ་གཏོང་རན། །

ཧ་འོ་མི་བྱེད་འཆི་ཁར། །
ད་རེས་སླེབས་ནས་ཐལ་ལོ། །
དྲིན་ཆེན་བླ་མ་དྲན་ནས། །
མཆི་མའི་རྦ་རླབས་གཡོ་ཞིང་། །
གདུང་བའི་ཤུགས་ཀྱིས་འབོད་ན། །
ཐུགས་རྗེའི་ཕྱག་གཡང་སྐྱོངས་ཤོག །

ལས་ངན་གཉིས་མེད་སེང་གེ །
དཀོར་ནག་ལྕགས་ཀྱི་ཐུ་ལུམ། །
ཡང་ཡང་བགམ་ནས་བསམ་བདེར། །
སྡོད་པ་ཁྱེད་རང་མིན་ནམ། །
རྣམ་གཡེང་ཁོ་ནས་དུས་གདའ། །

ལོ་ཟླ་ཟས་གོས་སོགས་ཀྱིས། །
འབྲེལ་བའི་སྲོག་གཅོད་སྡིག་པ། །
གཅིག་པུར་དམྱལ་བའི་གནས་ནས། །
བསྐལ་པ་མང་པོར་མི་ཐར། །

དེ་འདྲའི་སྡིག་པའི་ཕུང་པོ། །
རི་རབ་ཙམ་ཞིག་བསགས་ནས། །
ད་ལྟ་ད་ལྟ་ཤི་ན། །
བློ་རྩེ་དེ་ལ་གཏོད་རན། །

རང་བྱས་ལས་ཀྱི་འབྲས་བུ། །
རང་ལྟག་འོང་ལས་ཆེ་བས། །
མེ་སྟག་ཆུང་ངུའི་རེག་པ། །
མི་ཐེགས་དམྱལ་བར་ཨེ་བཟོད། །

དམ་པའི་ཆོས་ལམ་མེད་ན། །
ཆོས་དང་རང་རྒྱུད་གཉིས་པོ། །
མེ་ཆུ་ལྟག་སྤྲོད་འདྲ་བས། །
རྒྱབ་འགལ་སོང་བར་གདའ་ན། །
སྒྱུ་མའི་ནོར་རྫས་སྟོར་དུས། །
གྱོང་བརྡབ་ཟེར་བའི་སྐེ་མིན། །
ཐར་བའི་སྲོག་རྩ་བཅད་ལས། །
དེ་བས་གྱོང་ཆེན་ཨེ་ཡོད། །

མགུ་མེད་ངོ་སྲུང་ཙམ་གྱིས། །
ཕྱི་མ་འགྱང་དུ་འཕང་ན། །
འདི་དང་ཕྱི་མ་གཉིས་པོ། །
སྡུག་ཐག་ཕྱི་མ་རིང་ཡོང་། །

ལྟར་སྣང་ཚུལ་འཆོས་ཙམ་གྱིས། །
ཆོས་པ་བྱེད་བློ་བྱས་ནས། །
རང་མགོ་རང་གིས་བསྐོར་ན། །
དེ་ལས་སྡུག་པ་སྲིད་དམ། །

གཞན་ཕན་བསམ་པ་བཟང་པོ། །
རང་ལ་ཡོད་སྐད་འདོན་ཡང་། །
ཁ་འཇམ་རྒྱུད་རྩུབ་དེས་ནི། །
བྱང་སེམས་འབྱུང་བ་རེད་དཀའ། །

ལྟ་བ་མཐོན་པོའི་མིང་གིས། །
བ་དན་ལྷབ་ལྷུབ་གཡོ་ཡང་། །
ཉོན་མོངས་ཆེ་རུ་སོང་བའི། །
ལྟ་བ་དེ་འདྲེས་ཨེ་ཕན། །

སྐྱིད་རྒྱགས་ཉི་མས་དྲོས་དུས། །
ཆོས་གཟུགས་ལྟ་བུར་འདུག་ཀྱང་། །
རྐྱེན་ངན་ཐོག་བབས་བྱུང་དུས། །
ཐ་མལ་བ་དང་ཅི་ཁྱད། །

ལྟ་བ་ལ་ཁའི་སྨུག་པ། །
སྒོམ་པ་དར་ལྕོག་རླུང་བསྐྱོད། །
སྤྱོད་པ་དགེ་སྡིག་འདྲེས་མ། །
འབྲས་བུ་ངན་སོང་གཏིང་རྡོ། །

དེས་ན་རང་གིས་རང་ལ། །
ཕན་པའི་ཤ་ཚ་སྙིང་རྗེ། །
འཆི་ཁའི་ནང་མོ་བྲང་ཁོག །
སེན་མོ་མི་འདེབས་ཐབས་རེ། །

ཚེ་འཇུག་ཉི་རྒས་མཚམས་དེར། །
ལྷ་དང་བླ་མ་རང་ཞེས། །
མ་འཁྲེལ་གསུམ་གྱི་དམ་བཅའ། །
དགེ་སྦྱོར་སྙིང་ཁོང་ནོན་པའི། །
འཆི་ཆོས་རེ་ལ་བརྩོན་ན། །
རང་དྲིན་རང་ལ་ཆེ་འདུག །

ཆོས་མེད་ཨ་རིག་ཧྲལ་པོས། །
རང་གིས་རང་ལ་སྨྲས་དེས། །
བདག་འདྲ་གཞན་ཀྱང་ཡོད་ན། །
འཆི་ཆོས་འགྲུབ་པར་སྨོན་ནོ། །

སྤྲུལ་སྐུ་ཨ་རིག

Tromge Tulku Arik

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept