Tulku Rigdzin Pema Long-Life Prayer—Tibetan
༄༅། །སྔ་འགྱུར་བསྟན་པའི་སྣང་བྱེད་སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་པདྨ་བསྟན་འཛིན་རྡོ་རྗེའི་བརྟན་བཞུགས་གསོལ་འདེབས་འཆི་མེད་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭསྟི།
གདོད་མའི་མགོན་པོ་ཐུབ་དབང་ཤཱཀྱའི་ཏོག །
ཚེ་འོད་མཐའ་ཡས་རྔ་སྒྲའི་༧རྒྱལ་པོ་སོགས། །
རབ་འབྱམས་ཚེ་ལྷ་མཆོག་གསུམ་རྒྱ་མཚོ་ཡིས། །
དེང་འདིར་ཤིས་པའི་དགེ་ལེགས་སྩལ་དུ་གསོལ། །
ལྔ་བདོའི་འགྲོ་ལ་ཐུགས་བསྐྱེད་སྐྱ་རེངས་ཀྱིས། །
ཉེར་བསུས་འཕགས་པའི་ཡུལ་གྱི་གྲུབ་ཆེན་ཕུལ། །
པུཎྱེའི་མཚན་ཅན་བསམ་བཞིན་སྤྲུལ་པའི་སྐུ། །
ཉིན་མོར་བྱེད་གང་མི་ནུབ་འཚོ་གཞེས་གསོལ།
ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་དུལ་ལྡན། །
ནང་དུ་བྱང་ཆུབ་སེམས་མཆོག་རིག་པ་འཛིན། །
གསང་བ་འོད་གསལ་སྙིང་པོའི་མངའ་བདག་ཆེ། །
༧ཞབས་ཟུང་ཆོས་བདུན་ངོ་བོར་རྟག་བརྟན་གསོལ། །
བརྟན་མཁས་ངུར་སྨྲིག་འཛིན་པའི་མཚན་དཔེའི་སྐུ། །
ལྗགས་འདབ་པད་མས་ཆོས་སྒྲ་ཐོགས་མེད་གསུང་། །
ཤེས་བྱ་ཀུན་མངའ་བསྟན་འཛིན་རྡོ་རྗེའི་ཐུགས། །
གསང་གསུམ་ཚེ་མཐའ་ཡས་ངོར་རྟག་བརྟན་གསོལ། །
མདོར་ན་རིས་བྲལ་ལྟ་སྤྱོད་གཙང་མའི་རྒྱན། །
ཐུབ་བསྟན་སྤྱི་དང་སྔ་འགྱུར་རིང་ལུགས་ཀྱི། །
བསྟན་འགྲོར་སྨན་པའི་བཞེད་པ་ཇི་སྙེད་ཀུན། །
མཁའ་ལྟར་ཀུན་ཁྱབ་ཕྲིན་ལས་མཐར་ཕྱིན་ཤོག །
དེ་ལྟར་གསོལ་བཏབ་སྨོན་པའི་རེ་འབྲས་ཅན། །
ཆོས་ཅན་ཆོས་ཉིད་ལྷག་བསམ་བདེན་སྟོབས་ལ། །
ཡེ་ཤེས་སྤྱན་ལྡན་སྲུང་མས་གྲོགས་མཛད་དེ། །
གེགས་མེད་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག །
ཅེས་སྔ་འགྱུར་བསྟན་པའི་སྣང་བྱེད་སྤྲུལ་སྐུ་རིན་པོ་ཆེ་རིག་འཛིན་པདྨ་བསྟན་འཛིན་རྡོ་རྗེའི་བརྟན་བཞུགས་གསོལ་འདེབས་འཆི་མེད་རྔ་སྒྲ་ཞེས་པ་འདི་ནི་གང་གི་སློབ་འབངས་གྲྭ་ཨོ་རྒྱན་སོགས་ནས་ལྷ་རྫས་རྟེན་དང་། ཁྱད་པར་ཆོས་གོས་ཀྱི་གོང་རྟགས་བཟང་གོས་འཁོར་ལོའི་རི་མོ་ཅན་དང་བཅས་ནན་ཏན་ཆེན་པོས་བསྐུལ་བ་དང་། རང་ཉིད་ཀྱང་གང་ལས་ཆོས་ཀྱི་བདུད་རྩིའི་འབྲེལ་པ་ཐོགས་པའི་བཀའ་དྲིན་དྲན་བཞིན་པ་དང་བཅས་དང་བས་ཀུན་ནས་བླངས་ཏེ། ཤཱཀྱའི་དགེ་སྦྱོང་འཁྲུལ་ཞིག་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་རྟེན་འབྱུང་སླད་ཚེ་བྲག་མཱ་ར་ཏི་ཀའི་འཆི་མེད་རྟགས་བསྟན་ཆོས་གླིང་དུ། ཤིང་སྤྲེལ་སྣོན་ཟླའི་དཀར་ཕྱོགས་དགའ་བ་གསུམ་པའི་ཉིན་བྲིས་ཏེ་ཕུལ་ཛཡནྟུ།། །།