The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Gateway for the Faithful—Tibetan

English | བོད་ཡིག

༄༅། །ངག་དབང་ཆོས་ཀྱི་བློ་གྲོས་ཀྱི་སྐྱེས་རབས་དང་རྣམ་ཐར་གསོལ་འདེབས་སུ་བཏགས་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

 

ཨོཾ་སྭསྟི།

ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་ཆུ་འཛིན་འཁྲིགས། །

མཁྱེན་བརྩེའི་བདེ་འཐུང་སྙན་པའི་དབྱར་རྔ་སྒྲོགས། །

མཆོག་ཐུན་དངོས་གྲུབ་སྦྲང་ཆར་འབེབས་མཛད་པ། །

རིགས་ཀུན་ཁྱབ་བདག་རྗེ་བཙུན་བླ་མར་འདུད། །

 

མི་འགྱུར་ཀུན་ཁྱབ་ཡེ་ཤེས་གཟུགས་ཀྱི་གར། །

མཚན་དཔེ་ཆུ་ཟླའི་སྣང་བརྙན་ཇི་སྲིད་དུ། །

མི་གཡོ་ལོངས་སྤྱོད་ངེས་པ་ལྔ་ལྡན་རྫོགས། །

སྤྲུལ་གཞི་རྣམ་སྣང་ཆེན་པོར་གསོལ་བ་འདེབས། །

 

ཇི་ལྟ་ཀུན་བཟང་རྡོ་རྗེ་འཆང་དབང་གི། །

ཇི་སྙེད་གསང་ཆེན་བཀའ་ཡི་བསྡུ་བ་པོར། །

རབ་འབྱམས་རྒྱལ་བས་མགྲིན་གཅིག་བསྔགས་མཛད་པ། །

གསང་བདག་རྡོ་རྗེ་ཆོས་ལ་གསོལ་བ་འདེབས། །

 

ཉི་མའི་གཉེན་གྱི་སྲི་ཞུ་མཐར་ཕྱིན་ནས། །

དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་བཏིང་བའི་སྟེང༌། །

འདི་སྐད་བདག་གིས་ཐོས་ཞེས་བཀའ་བསྡུའི་སྲོལ། །

ཕྱེ་མཛད་ཀུན་དགའ་བོ་ལ་གསོལ་བ་འདེབས། །

 

ངོ་མཚར་ལྟས་བཞིན་ཏནྟྲའི་གླེགས་བམ་ཆར། །

ཁང་སྟེང་དངོས་སུ་བབས་ནས་རྡོ་རྗེ་སེམས། །

བསྒྲུབས་པས་ཞལ་བསྟན་སྙིང་པོའི་རྒྱུད་རྟོགས་བསྟན། །

རྒྱལ་པོ་ཛཿཞེས་གྲགས་ལ་གསོལ་བ་འདེབས། །

 

ནཱ་གརྫུ་ནས་དབུ་མའི་ཞིང་རྟ་གཏད། །

སྐྱེ་བའི་མཆོག་གྱུར་སྡེ་སྣོད་མཁས་པའི་ཕུལ། །

འཛམ་གླིང་མཛེས་པའི་རྒྱན་དྲུག་ཕྲེང་བའི་དབུས། །

ཨཱརྻ་དེ་ཝར་གྲགས་ལ་གསོལ་བ་འདེབས། །

 

ཛ་ལནྡྷ་རས་རྗེས་བཟུང་བདེ་མཆོག་གྲུབ། །

གཞུང་དྲུག་གསལ་མཛད་གྲུབ་ཆེན་སྟོང་རྩས་འདུད། །

ཡུལ་ཆེན་བཅུ་གསུམ་སྐྱེ་བོ་སྨིན་གྲོལ་མཛད། །

གྲུབ་ཆེན་ནག་པོ་སྤྱོད་པར་གསོལ་བ་འདེབས། །

 

སྲོང་བཙན་རྗེ་ཡི་མདུན་ན་འདོན་ཆེན་པོ། །

བསིལ་ལྗོངས་གཙུག་ལག་ཤིང་རྟ་ཡི་གེའི་སྲོལ། །

གཏོད་ཅིང་འཕགས་བོད་ཐོག་མའི་ལོ་ཙཱ་བ། །

ཐུ་མི་སམ་བྷོ་ཊ་ལ་གསོལ་བ་འདེབས། །

 

དཔལ་ཆེན་སྟོབས་ལྡན་ནག་པོའི་རིགས་སྔགས་ལས། །

མཐུ་ཐོབ་རྩལ་གྱིས་དམོད་པས་ལོག་འདྲེན་ཀུན། །

གཟིར་ཞིང་ཚར་གཅོད་རྗེས་སུ་འཛིན་ལ་དབང༌། །

རིག་འཛིན་ཤཱནྟིཾ་གརྦྷར་གསོལ་བ་འདེབས། །

 

རྒྱལ་བསྟན་རྩ་བ་ཚུལ་ཁྲིམས་སྡེ་སྣོད་འཛིན། །

དགུ་བརྒྱ་གཞིས་ཚེ་བོད་རྗེའི་བླ་མཆོད་མཛད། །

འཕགས་བོད་ཡོངས་གྲགས་དབུ་སེམས་ཟུང་འཇུག་སྲོལ། །

འབྱེད་མཁས་མཁན་ཆེན་ཞི་འཚོར་གསོལ་བ་འདེབས། །

 

གངས་ལྗོངས་ཐོག་མའི་རབ་བྱུང་སད་མིའི་གྲས། །

ངེས་དོན་པཎ་ཆེན་སྒྲ་སྒྱུར་སྨྲ་བའི་ཟོལ། །

མཁས་པ་ཉེར་གཅིག་དཀའ་ཆེན་ལྔ་བཅུས་བསྟེན། །

ལོ་ཆེན་བཻ་རོ་ཙཱ་ནར་གསོལ་བ་འདེབས། །

 

པདྨའི་རྒྱལ་ཚབ་ཡེ་ཤེས་རྡོ་རྗེ་ཡི། །

དག་པའི་གཟིགས་སྣང་གང་གི་ཟློས་གར་དུ། །

ལུང་གིས་དབུགས་དབྱུང་གསུང་གི་གསང་བ་ཅན། །

གཉགས་ལོ་ཡེ་ཤེས་གཞོན་ནོར་གསོལ་བ་འདེབས། །

 

བི་མ་ལ་དང་པདྨ་སམྦྷ་ཝའི། །

གདམས་པས་རྗེས་བཟུང་རི་བྲག་ཟང་ཐལ་བགྲོད། །

སྡིག་རྒྱལ་བསྒྲལ་ནས་བོད་ཡུལ་ཕན་བདེར་བཀོད། །

ལྷ་ལུང་དཔལ་གྱི་རྡོ་རྗེར་གསོལ་བ་འདེབས། །

 

སྔ་འགྱུར་བཀའ་བབ་སོ་ཟུར་གནུབས་གསུམ་ལས། །

མདོ་སྒྱུ་སེམས་ཕྱོགས་བཤད་དང་སྒྲུབ་པ་ཡིས། །

བསིལ་ལྡན་ནོར་འཛིན་ཁྱོན་ཀུན་བརྡལ་བར་མཛད། །

ཟུར་ཆེན་ཤཱཀ་འབྱུང་ཞབས་ལ་གསོལ་བ་འདེབས། །

 

མཆིམས་ཀྱི་རིགས་འཁྲུངས་ཀླུ་མེས་མཁན་བུ་ལས། །

རབ་ཏུ་བྱུང་ཞིང་དབུ་རྩེའི་ཀ་བ་ནས། །

བཻ་རོས་བསྒྱུར་བའི་གསོ་རིག་རྒྱུད་བཞི་ཕྱུངས། །

གྲྭ་མངོན་དབང་ཕྱུག་འབར་ལ་གསོལ་བ་འདེབས། །

 

འཇམ་དཔལ་སྙིང་པོ་མི་ཡི་ཟོལ་བཟུང་ནས། །

སྒྲ་ཚད་ལུང་རིག་སྨྲ་བའི་ཁྱུ་མཆོག་ཅེས། །

འཕགས་བོད་ལོ་པཎ་དུ་མས་བསྔགས་པའི་ཡུལ། །

རོང་ཟོམ་པཎྜི་ཏ་ལ་གསོལ་བ་འདེབས། །

 

པཎ་གྲུབ་ཆེན་པོ་ནཱ་རོ་ཏ་པ་ཡིས། །

ཀུན་ལ་སྦས་ཆོས་ཡང་ཟབ་སྙན་བརྒྱུད་གཏད། །

ས་སྤྱོད་བལ་པོའི་ཡུལ་ཁམས་ཕན་བདེར་བཀོད། །

ཕམ་མཐིང་འཇིགས་མེད་གྲགས་པར་གསོལ་བ་འདེབས། །

 

རྒྱ་གར་བལ་བོད་བཤེས་གཉེན་དུ་མ་བསྟེན། །

མཆོག་གི་གོ་འཕང་ས་ར་ཧ་དང་མཉམ། །

ཐུན་མོང་ཚེ་དངོས་བརྒྱ་དང་ལྔ་བཅུར་གཞེས། །

མཁས་གྲུབ་ཁྱུང་པོར་གྲགས་ལ་གསོལ་བ་འདེབས། །

 

འཕགས་ཡུལ་པཎ་ཆེན་རྒྱ་མཚོའི་གཙུག་ན་བརྗིད། །

གཞུང་དང་གདམས་ངག་ཟུང་འབྲེལ་ལམ་སྒྲོན་གསལ། །

ཐུབ་བསྟན་རྒྱན་གཅིག་ས་གསུམ་སྙན་པར་ཁྱབ། །

ཇོ་བོ་དཱི་པཾ་ཀཱ་རར་གསོལ་བ་འདེབས། །

 

གངས་ཅན་གྲུབ་བརྒྱའི་སྤྱི་མེས་མི་ལ་རྗེར། །

མཁའ་འགྲོས་ལུང་བསྟན་ཉེ་བའི་སྲས་གཅིག་པུ། །

འཕགས་པའི་ཡུལ་ནས་སྙན་བརྒྱུད་གདམས་པ་བླངས། །

རས་ཆུང་རྡོ་རྗེ་གྲགས་ལ་གསོལ་བ་འདེབས། །

 

ཐུབ་དབང་བསྟན་པའི་ནང་མཛོད་འདུལ་བའི་སྡེར། །

སྦྱངས་པ་ཕུལ་བྱུང་མུ་མེད་འཛིན་སྐྱོང་གིས། །

གསེར་ལྡན་ངུར་སྨྲིག་འཆང་བས་དོག་པོར་མཛད། །

བྱ་འདུལ་བརྩོན་འགྲུས་འབར་ལ་གསོལ་བ་འདེབས། །

 

སྐྱེ་འཕྲེང་ཉེར་ལྔར་པཎ་ཆེན་ཚུལ་བཞེས་ཤིང༌། །

རིག་གཏེར་གྱིས་མཚོན་འཆད་རྩོད་རྩོམ་པའི་ཕུལ། །

གངས་ཅན་མཁས་པའི་གཙུག་རྒྱན་བདག་ཉིད་ཆེ། །

ས་སྐྱ་པཎྜི་ཏ་ལ་གསོལ་བ་འདེབས། །

 

བི་མའི་བཀའ་སྲོལ་མན་ངག་སྙིང་ཐིག་གི། །

བརྒྱུད་པའི་སྲོག་བཟུང་ཁྱད་པར་རྡོར་སེམས་ཀྱིས། །

རྫོགས་པ་ཆེན་པོའི་དབང་དང་གདམས་པ་གཏད། །

གྲུབ་ཆེན་མེ་ལོང་རྡོ་རྗེར་གསོལ་བ་འདེབས། །

 

ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་མཐར་སོན་པས། །

ལུང་རིགས་ཐེག་མཆོག་སེང་གེའི་སྒྲ་སྒྲོགས་པ། །

བསིལ་ལྡན་ལྗོངས་ཀྱི་འཇམ་དཔལ་དབྱངས་ཞེས་གྲགས། །

དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །

 

ཡབ་མེས་སྔ་འགྱུར་རིགས་འཁྲུངས་བཀའ་གདམས་ཀྱི། །

རིང་ལུགས་འཛིན་ཅིང་རྗེ་བཙུན་ཙོང་ཁ་པའི། །

རིགས་ཀྱི་ཅོད་པན་སྙན་བརྒྱུད་བསྟན་པའི་བདག །

ལྷོ་བྲག་ལས་ཀྱི་རྡོ་རྗེར་གསོལ་བ་འདེབས། །

 

འཇམ་མགོན་བློ་བཟང་གྲགས་པའི་འཁོར་གྱི་དབུས། །

མཁྱེན་རབ་ཕུལ་བྱུང་གཞུང་བརྒྱ་སྨྲ་བའི་དབང༌། །

དཔལ་ལྡན་འབྲས་སྤུངས་བསྐྲུན་སོགས་ཐུགས་བསྐྱེད་རྨད། །

འཇམ་དབྱངས་བཀྲ་ཤིས་གྲགས་ལ་གསོལ་བ་འདེབས། །

 

ཁྲིམས་ལྡན་འདུལ་བ་འཛིན་པའི་ཚུལ་བཟུང་ཡང༌། །

རྟོགས་པའི་གདེང་གིས་པདྨ་གླིང་པ་དང༌། །

གཏེར་སྐལ་ཞལ་དགྱེས་ཆོས་རྗེ་ཞྭ་དེའུ། །

འཁྲུལ་ཞིག་ཀུན་དགའ་གྲགས་ལ་གསོལ་བ་འདེབས། །

 

རྡོ་རྗེའི་རྣལ་འབྱོར་དང་འབྲེལ་སྦྱོར་དྲུག་ཅེས། །

རིགས་ལྡན་རྣམས་ཀྱི་ཞལ་ཆབ་གངྒཱའི་ཀླུང༌། །

གཙོར་བྱས་རྒྱུད་སྡེ་ཀུན་ལ་དབང་བསྒྱུར་མགོན། །

ཇོ་ནང་ཀུན་དགའ་སྙིང་པོར་གསོལ་བ་འདེབས། །

 

གཉོས་ཀྱི་རིགས་ལས་གསང་ཆེན་བཀའ་གཏེར་བསྟན། །

འདྲེན་པའི་དེད་དཔོན་རིས་མེད་རྒྱལ་བསྟན་སྤེལ། །

སྐུ་གསུམ་མཛད་པའི་རྣམ་ཐར་བསམ་མི་ཁྱབ། །

གཏེར་ཆེན་འགྱུར་མེད་རྡོ་རྗེར་གསོལ་བ་འདེབས། །

 

གཞོན་ནུར་དགེ་ལྡན་ལུགས་བཟང་བསྟན་དང་མཇལ། །

ཀུན་མཁྱེན་འཇིགས་མེད་གླིང་པས་རྗེས་སུ་བཟུང༌། །

འཆི་བ་སློང་སོགས་བརྟུལ་ཞུགས་སྤྱོད་པ་སྐྱོང༌། །

གུ་ཡངས་བློ་བདེ་རྩལ་ལ་གསོལ་བ་འདེབས། །

 

ཐེག་རྩེ་ཡང་ཏི་གསེར་འབྲུའི་ཉེ་བརྒྱུད་མཚོན། །

རང་སྐལ་ཟབ་གཏེར་བཀའ་བབས་མཚོ་སྐྱེས་རྗེའི། །

ལུང་ཟིན་གྲོལ་བཞིའི་མངའ་བདག་ཧེ་རུ་ཀ །

ཀུན་བཟང་མཐོང་གྲོལ་རྡོ་རྗེར་གསོལ་བ་འདེབས། །

 

ནམ་ཞིག་བསྐལ་བཟང་སྟོང་རྩའི་མཐའ་མ་རུ། །

བདེ་གཤེགས་མོས་པའི་སྐུ་རུ་བཞེངས་པའི་ཚེ། །

ཚད་མེད་བསྡུ་བ་རྣམ་བཞིའི་ཕྲིན་ལས་ཀྱིས། །

འགྲོ་ཀུན་སྲིད་མཐར་མཛད་ལ་གསོལ་བ་འདེབས། །

 

གཞན་ཡང་གནས་དུས་འགྲོ་བའི་ཁམས་དབང་དང༌། །

རྗེས་མཐུན་གང་འདུལ་སྣང་ངོར་དག་མ་དག །

དེ་དང་དེར་སྨན་བཤེས་གཉེན་གང་དང་གང༌། །

ཇི་སྙེད་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །

 

དེང་དུས་ཐུབ་བསྟན་རིས་མེད་པདྨོའི་ཚལ། །

ཀུན་ཀྱང་གདུལ་བྱའི་བུང་བ་སོ་སོ་ཡི། །

དགའ་སྟོན་ཉིད་དུ་རོ་གཅིག་མོས་གུས་ཅན། །

ཆོས་ཀྱི་བློ་གྲོས་གྲགས་ལ་གསོལ་བ་འདེབས། །

 

བྱིས་པ་ཉིད་ནས་སྙིང་རྗེའི་བག་ཆགས་བརྟས། །

ཀུན་སྤངས་རི་སུལ་འགྲིམ་ལ་ཆེར་སྤྲོ་ཡང༌། །

དྲིན་ཅན་བླ་མས་དམ་པའི་སྐྱེ་བ་རུ། །

བསྔགས་ནས་བཀའ་བཞིན་བསྒྲུབས་ལ་གསོལ་བ་འདེབས། །

 

ལུང་ཟིན་གཡུ་སྒྲའི་ཟློས་གར་སྙིགས་དུས་འདིར། །

གསང་གསུམ་མཛད་པའི་ཕྲིན་ལས་མཐའ་ཡས་པ། །

ཀུན་ཏུ་བཟང་པོ་འོད་གསལ་རྡོ་རྗེ་ཡིས། །

དགོངས་རྒྱུད་བྱིན་རླབས་ཐོབ་ལ་གསོལ་བ་འདེབས། །

 

ཡོངས་འཛིན་བཤེས་གཉེན་དམ་པ་མང་དུ་བསྟེན། །

མདོ་རྒྱུད་ལུང་རིག་མན་ངག་དུ་མ་ཐོས། །

ཐོས་དོན་དམ་སྡོམ་ཁྱད་དུ་མ་བསད་པར། །

ཀུན་སྤྱོད་གཙང་མས་མཛེས་ལ་གསོལ་བ་འདེབས། །

 

ཁྱད་པར་པདྨ་འབྱུང་དང་བི་མ་དངོས། །

གཏེར་ཆེན་ཆོས་རྗེ་རྣམ་པས་རྗེས་བཟུང་ནས། །

པདྨ་ཚེ་ཡི་སྙིང་ཐིག་ལ་སོགས་ཀྱི། །

ཆོས་ཀྱི་བདག་པོར་དབུགས་དབྱུང་གསོལ་བ་འདེབས། །

 

འཕགས་པའི་ཡུལ་སོགས་བལ་བོད་གནས་ཆེན་དུ། །

དམ་ཆོས་འཆད་ཉན་བརྩོན་དང་མཆོད་སྤྲིན་སྤྲོས། །

ཀུན་ཀྱང་ཆོས་བརྒྱད་ཟོལ་དང་མ་འདྲེས་པར། །

ལྷག་བསམ་དཀའ་སྤྱད་སྒྲུབ་དེར་གསོལ་བ་འདེབས། །

 

ལྷ་བུའི་བདུད་ཀྱིས་བསླུས་སམ་འདུ་བ་གསུམ། །

མ་ངེས་རྩོལ་བས་མ་བསྒྲུབས་རྙེད་བཀུར་རྫས། །

དགོན་གནས་རྟེན་གསུམ་བསྐྲུན་དང་གཞན་ཕན་དུ། །

གཏོང་ལས་བདག་འཛིན་བྲལ་ལ་གསོལ་བ་འདེབས། །

 

ཕུལ་བྱུང་དམ་པའི་རྣམ་པར་ཐར་པ་དང༌། །

འདི་སྣང་ཟིན་མེད་འཁྲུལ་པའི་བྱ་བ་དག །

ཆོས་ཀུན་ཆོས་ཉིད་ཀློང་དུ་མཉམ་བརྡལ་བས། །

རེ་དོགས་མཚན་མས་དབེན་ལ་གསོལ་བ་འདེབས། །

 

བདག་ནི་གཞོན་ནུར་བསྟན་ལ་རབ་འབྱུང་བས། །

ཁྱིམ་ཐབས་བྱིས་པའི་རྣམ་གཡེང་ཕོངས་ཙམ་ལས། །

དེ་ལྟའི་རློམ་སེམས་ཆོས་བརྒྱད་མ་མཆིས་ཀྱང༌། །

དེ་བཞིན་མོས་དགེས་བཏགས་ལ་གསོལ་བ་འདེབས། །

 

རང་ཉིད་མ་སྨིན་གཞན་བྱིན་བརླབ་དཀའ་ཡང༌། །

གང་ལ་མོས་ན་དེ་ཡིས་བྱིན་རློབ་པར། །

རྒྱལ་བའི་ལུང་དང་སྔོན་བྱུང་ཚུལ་གནས་ཀྱིས། །

དད་གསུམ་དག་སྣང་མོས་པས་གསོལ་བ་འདེབས། །

 

དེང་བཟུང་རང་གཞན་བྱང་ཆུབ་སྙིང་པོའི་བར། །

སྐྱོན་བྲལ་མཚན་ལྡན་བླ་མས་རྗེས་བཟུང་སྟེ། །

ལམ་གོལ་ལོག་པའི་གཡང་ས་ལས་གྲོལ་ནས། །

རྣམ་མཁྱེན་ལམ་མཆོག་སྒོ་འབྱེད་བྱིན་གྱིས་རློབས། །

 

སྡུག་བསྔལ་ཀུན་འབྱུང་འཁོར་བའི་རྒྱུ་དང་འབྲས། །

བཟོད་པར་དཀའ་བར་ངེས་འབྱུང་བློ་སྐྱེས་ནས། །

རླབས་ཆེན་ལམ་བཟང་ཚད་མེད་རྣམ་པ་བཞིའི། །

བྱང་ཆུབ་སེམས་མཆོག་རྟག་ཏུ་འབྱོང་བར་ཤོག །

 

ལྟ་བ་མཐའ་བྲལ་དབུ་མ་ཆེན་པོ་རྟོགས། །

སྒོམ་པ་ཕྱག་ཆེན་འོད་གསལ་ལམ་དུ་ལོངས། །

འབྲས་བུ་གཞིར་གྲོལ་རྫོགས་ཆེན་མངོན་གྱུར་པའི། །

རྒྱལ་སྲས་དགྱེས་པའི་སྤྱོད་པར་སློབ་ནུས་ཤོག །

 

སྒྲིབ་གཉིས་ཟུང་འཇུག་འགྲོ་ཁམས་མུན་པའི་སྨག །

མདོ་སྔགས་ཟུང་འཇུག་ཉི་ཟླའི་ལམ་གྱིས་བསལ། །

སྐུ་གཉིས་ཟུང་འཇུག་རྟེན་ཅིང་འབྲེལ་འབྱུང་ཆོས། །

དོན་གཉིས་ཟུང་འཇུག་བཀྲ་ཤིས་དཔལ་འབར་ཤོག །

 

ཅེས་པ་འདི་ལྟས་བསྟན་འགྲོར་སྨན་པའི་དགེ་མཚན་ལྟ་ཅི་རང་ཉིད་སྒྲིབ་བྱེད་ཀྱི་རྒྱུ་ཁོ་ན་ལས་མ་འདས་མོད། །སྦས་ཡུལ་ཁུམ་བུ་གངས་རྭའི་ཐང་དགོན་པ་དད་ལྡན་སྒྲུབ་བརྩོན་བླ་མ་ངག་དབང་དང༌། མཁྱེན་རྟོགས་རྨད་བྱུང་སྐྱ་རོག་ཉ་བླ་བསྟན་འཛིན། དམ་པའི་ངང་ཚུལ་ཀུན་ལུང་བླ་མ་ངག་དབང་ཆོས་དཔལ་སོ་སོས་སྔ་ཕྱི་རིམ་པར་བདོག་པའི་སྐྱེས་བཅས་ལོ་མང་གོང་ནས་ད་ལྟའི་བར་དུ་ལན་གྲངས་དུ་མར་ནན་ཏན་ཆེན་པོས་བསྐུལ་མ་མཛད་པ་དང༌། རྗེ་བླ་མའི་དབོན་རིགས་གསུང་སྐྱེས་ཀྱི་ཐུ་བོ་པྲཛྙཱ་བྷ་དྲ་མཆོག་གིས་དབུས་རྡོ་རྗེའི་མཆེད་སློབ་འགས་ཀྱང་རང་གི་བྱུང་བ་བརྗོད་ཚུལ་ཞིབ་རྒྱས་ཤིག་ཡི་གེའི་ལམ་དུ་ངེས་པར་དགོད་དགོས་ཞེས་ལྷ་རྫས་རྟེན་ལྡན་གྱི་གསུང་ནར་མར་གནང་ཞིང༌། ལྷག་པར་གསང་སྔགས་མཁར་བ་དགའ་ལྡན་དར་རྒྱས་ཀྱི་རྣམ་སྤྲུལ་དུ་གྲགས་པ་ཞྭ་སེར་བསྟན་པའི་མཛེས་རྒྱན་སྐྱབས་རྗེ་བློ་བཟང་ཚུལ་ཁྲིམས་རིན་པོ་ཆེ་མཆོག་ནས་ཀྱང་ལྷ་རྫས་ཉི་བདེ་མ་དང༌། །ཁ་རྫུ་རཾ་གི་ཙཀྲ་བཅུ་ཕྲག་བཀྲ་ཤིས་པའི་གྲངས་དང་བཅས་ཏེ། སྐྱེ་ཕྲེང་གསོལ་འདེབས་ཤིག་དང༌། རྣམ་ཐར་རྒྱས་པ་བྱུང་ན་རབ། དེ་མིན་ཚིགས་བཅད་མདོར་བསྡུས་ཤིག་འཕྲལ་དུ་གྲུབ་པར་གྱིས་ཤིག་ཅེས་ཨུ་ནན་ཆེན་པོ་སྩལ་བ་སྟེ། མཆོག་དམན་བར་མ་དུ་མའི་བཞེད་པ་ལྡོག་ཏུ་མ་བཟོད་པའི་རྒྱུ་བྱས། དབུ་དགེ་ངག་བཟོད། །རི་པ་ངག་སངས། ཤར་མཐོང་བཙུན་མ་ངག་ཡེ་ཤེས་སྤུན་མཆེད་རྣམས་དང༌། ཀུ་ལུང་ངག་མཐའ་ཡས་སོགས་ནས་ཀྱང་འཕྲལ་མར་སྤར་བརྐོའི་ཡོན་སྦྱར་བའི་རྐྱེན་དང་བཅས་པས། རང་ལ་སྐྱེས་ཆེན་དམ་པ་དེ་རྣམས་རེ་རེའི་སྐུའི་བ་སྤུ་བརྒྱ་སྟོང་དུ་ཕྱེ་བའི་ཆ་ཕྲ་མོ་ཙམ་གྱི་ཡོན་ཏན་མི་མངའ་བ་རང་རྒྱུས་རང་དང༌། མཁས་བླུན་གང་གིས་ཀྱང་མངོན་སུམ་རྗེས་དཔགས་ཀྱི་ཆ་ནས་མཁྱེན་ཆོད་རུང༌། བཀའ་དྲིན་མཉམ་མེད་འཁོར་ལོའི་མགོན་པོ་རྫ་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དགོངས་པ་ཅན་གྱི་གསུང་གིས་གོང་མའི་སྐྱེ་གྲལ་དུ་དབུགས་དབྱུང་བ་རྒྱུ་མཚན་དུ་བྱས་ཏེ། ཚེ་རབས་ཀུན་ཏུ་དམ་པ་དེ་དག་གི་གདུལ་བྱར་རང་ཡང་གྱུར་བའི་རྟེན་འབྲེལ་ཞིག་ཏུ་འགྱུར་རམ་སྲིད་སྙམ་ནས། གསང་བདག་རྡོ་རྗེ་ཆོས་དང༌། པ་གོར་སྐུ་ཕྲེང་དུ་ཞལ་གྱིས་བཞེས་པ་ཇོ་ནང་སྒྲོལ་བའི་མགོན་པོ་དང༌། སྨིན་གཏེར། ཞྭ་དེའུ་འཁྲུལ་ཞིག་ཀུན་དགའ་རིན་ཆེན་དང༌། གོང་མ་ཤྲཱི་རྒྱལ་སྲས་མཐོང་གྲོལ་རྡོ་རྗེ་སོགས་གསར་རྙིང་གི་མཁས་གྲུབ་དུ་མའི་འཁྲུངས་རབས་དང༌། བཻ་རོའི་འདྲ་འབག་སོགས་ཁུངས་ཚད་མ་ལས་བཏུས་ཏེ་སོ་སོའི་མཛད་རྣམ་རགས་ཙམ་གོ་བདེ་ཅན་དང༌། རང་གི་ལུས་རྟེན་འདི་ཉིད་ཀྱི་ཀུན་སྤྱོད་ཅུང་ཟད་བཟང་བའི་ཆ་དང་བཅས་ཚིགས་བཅད་འབོལ་རྩོམ་དུ་གྲོས་སོ། །མངྒ་ལཾ།།

 

འཁྲུལ་ཞིག་རིན་པོ་ཆེ།

Trulshik Rinpoche and his 30 previous incarnations

This website uses cookies to collect anonymous usage statistics and enhance the user experience.
Decline
Accept