The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Calling the Guru from Afar—Tibetan

English | བོད་ཡིག

༄༅། །བླ་མ་རྒྱང་འབོད།

 

མཁྱེན༵་རབ་ཡེ་ཤེས་འབར་བའི་གཟི་འོད་དང་། །

ཀུན་ཁྱབ་བརྩེ༵་བ་ཆེན་པོའི་རང་མདངས་ལས། །

རྒྱལ་ཀུན་ཕྲིན་ལས་རང་གཟུགས་མཚོ་ལས་སྐྱེས། །

གཉིས་མེད་འཇམ་མགོན་རབ༵་གས༵ལ་ཟླ༵་བ༵ར་འདུད། །

 

མགོན་ཁྱེད་རིང་ནས་རང་བྱུང་རྫོགས་སངས་རྒྱས། །

ལྔ་ལྡན་ཞིང་དུ་བདེ་ཆེན་སྐུ་ལྔའི་སྤྲིན། །

སྲས་བཅས་རྒྱལ་བའི་སྒྱུ་འཕྲུལ་བསམ་མི་ཁྱབ། །

དེང་འདིར་མཁས་གྲུབ་བྱེ་བའི་ཅོད་པན་ཁྱེད། །

 

མཐོང་བས་ཡིད་འཕྲོག་མཚན་དཔེའི་གཟི་འབར་བ། །

མཛེས་བརྗིད་འོད་ཀྱིས་དད་ཚལ་དབང་མེད་བསྐྲུན། །

སྐལ་བཟང་རྐང་དྲུག་རོལ་གནས་དགའ་བའི་ཚལ། །

བསྡུ་བ་རྣམ་བཞིས་འབྲེལ་ཚད་དོན་ལྡན་ཁྱེད། །

 

ལེགས་གསུང་འོད་ཟེར་སྟོང་གི་དྲྭ་བ་ཡིས། །

ཡུན་རིང་ཉལ་བའི་རྨོངས་མུན་མཐར་མཛད་ནས། །

ཟབ་ཡངས་ཤེས་བྱའི་གནས་ལ་ཅིག་ཅར་དུ། །

བློ་གྲོས་སྤོབས་པའི་དགའ་བ་སྟེར་མཛད་ཁྱེད། །

 

ཀ་དག་འོད་གསལ་རིག་སྟོང་སྒེག་མོའི་མཁར། །

བདེ་ཆེན་ཉམས་རྒྱས་བརྒྱད་གཉིས་གད་མོའི་གླུས། །

འཕྲད་ཚད་རང་གྲོལ་ངོ་མཚར་ཚིག་བརྒྱད་ཀྱིས། །

ཟིལ་གནོན་བརྟུལ་ཞུགས་གནས་སུ་བཀོད་མཛད་ཁྱེད། །

 

སྲས་བཅས་རྒྱལ་བའི་གསང་གསུམ་ཡོན་ཏན་མཛོད། །

མ་ལུས་གཅིག་བསྡོམས་ཡིད་བཞིན་དབང་གི་རྒྱལ། །

སྲིད་ཞིའི་དགེ་ལེགས་མཐའ་དག་འཇོ་བའི་དཔྱིད། །

དྲན་པས་གདུང་སེལ་དཔལ་ལྡན་བླ་མ་ཁྱེད། །

 

གང་འདུལ་ཕྲིན་ལས་རྣམ་བཞིའི་རོལ་རྩེད་ཀྱིས། །

བསྟན་དང་དེ་འཛིན་ཆེ་དགུའི་དབུ་འཕང་དགུང་། །

རབ་བསྟོད་ཕྲིན་ལས་སྣང་བས་ས་གསུམ་ཁྱོན། །

ཁྱབ་པའི་དགེ་མཚན་འབར་བ་ཁྱེད་ཀྱི་དྲིན། །

 

དྲིན་ལ་འཁོར་མཐའ་མི་འདུག་དཔལ་ལྡན་གྱི་བླ་མ། །

དད་དང་གདུང་བ་དྲག་པོས་ཁྱེད་གཅིག་རང་འབོད་ན། །

རང་སེམས་ཁྱེད་ཐུགས་ཀློང་དང་དབྱེར་མེད་དུ་གྱུར་ནས། །

འཁྲུལ་རྟོག་རང་སར་གྲོལ་བའི་དངོས་གྲུབ་དེ་སྩོལ་མཛོད། །

 

ཅེས་རྒྱང་འབོད་འདི་ཉིད་གངས་ལྗོངས་རིས་མེད་བསྟན་པ་རྒྱ་མཚོའི་གཙུག་ནོར། བདག་ཅག་རྣམས་ཀྱི་འདི་ཕྱིའི་༧སྐྱབས་གནས་མཚུངས་མེད། སྤྲུལ་པའི་གཏེར་ཆེན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གང་ཉིད་ཚུར་མཐོང་གདུལ་བྱའི་སྣང་ངོར་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ནས་མི་ལོ་བཅུ་ཕྲག་གསུམ་ཧྲིལ་པོར་འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་དང་བསྟུན། གང་གི་ཟབ་གཏེར་རང་བྱུང་པདྨའི་སྙིང་ཐིག་གི་སྒྲུབ་ཆེན་དང་འབྲེལ་འདས་མཆོད་གཟབ་རྒྱས་ཤིག་འཚོག་པའི་སྐབས། མགོན་པོ་གང་ཉིད་རྨི་ལམ་དུ་ཡང་ཡང་མཇལ་བའི་རྐྱེན་གྱིས། གང་གིས་རྗེས་སུ་བཟུང་བའི་བྱིན་རླབས་ཐོབ་པ་རབ་འབྱམས་སྤྲུལ་མིང་ནས་ལྕགས་གླང་ལོའི་བོད་ཟླ་ ༨ ཚེས་ ༡༤ ལ་བྲིས་པའོ།། །།

 

ཞེ་ཆེན་རབ་འབྱམས་རིན་པོ་ཆེ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ།

Further information:

BDRC Author Profiles: P624 P625

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept