Lama Yangtik Lineage Prayer Supplement—Tibetan
༄༅། །བླ་མ་ཡང་ཏིག་གི་གསོལ་འདེབས་བདུད་རྩིའི་སྤྲིན་ཕུང་གི་ཞལ་སབ།
ཀུན་མཁྱེན་ཆེན་པོའི་འཕྲོར།
མཁས་གྲུབ་ཆེན་པོ་ཁྱབ་བརྡལ་ལྷུན་གྲུབ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གཤིས། །
ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །
རྒྱལ་བའི་སྲས་མཆོག་གྲགས་པ་འོད་ཟེར་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
སྡེ་གསུམ་ཀློང་དགུའི་མན་ངག་སྙིང་པོའི་སྲོལ། །
ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །
འཁྲུལ་ཞིག་ཆེན་པོ་ཤེས་རབ་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
གང་ཤར་རང་གྲོལ་ཀུན་བཟང་དགོངས་པའི་ཀློང་། །
ད་ལྟ་ཉིད་དུ་ཕྱིན་པར་བྱིན་གྱིས་རློབས། །
ཤེས་བྱ་ཀུན་མཁྱེན་ཟླ་བ་གྲགས་པ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
རྒྱུད་ལུང་མན་ངག་བྱེ་བའི་དགོངས་པའི་གནད། །
ད་ལྟ་ཉིད་དུ་ཁྲོལ་བར་བྱིན་གྱིས་རློབས། །
གྲུབ་ཐོབ་ཆེན་པོ་ཀུན་བཟང་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
གཟུང་འཛིན་གཉིས་སྣང་འཁྲུལ་པའི་བག་ཆགས་ཀུན། །
ད་ལྟ་ཉིད་དུ་གཞིལ་བར་བྱིན་གྱིས་རློབས། །
མཚུངས་མེད་ཀུན་དགའ་རྒྱལ་མཚན་དཔལ་བཟང་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
སྟོང་ཉིད་སྙིང་རྗེའི་གྲུ་ཡིས་སྲིད་མཚོ་ལས། །
ད་ལྟ་ཉིད་དུ་སྒྲོལ་བར་བྱིན་གྱིས་རློབས། །
རིག་འཛིན་ཆེན་པོ་སྣ་ཚོགས་རང་གྲོལ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
སྣང་སེམས་རོ་མཉམ་གདོད་མའི་གཤིས་ལུགས་ཆེ། །
ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །
སྤྲུལ་པའི་སྐུ་མཆོག་བསྟན་འཛིན་གྲགས་པ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
རྟོགས་གྲོལ་དུས་མཉམ་བློ་བྲལ་གཉུག་མའི་གཤིས། །
ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །
མཁས་གྲུབ་ཆེན་པོ་མདོ་སྔགས་བསྟན་འཛིན་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དོན་གཉིས་མཐར་ཕྱིན་རྣམ་གྲོལ་ཡིད་བཞིན་གཏེར། །
ད་ལྟ་ཉིད་དུ་འབྱོང་བར་བྱིན་གྱིས་རློབས། །
གསང་འཛིན་མགོན་པོ་ཕྲིན་ལས་ལྷུན་གྲུབ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
འཁོར་འདས་ཆོས་ཀུན་ཐིག་ལེ་ཉག་གཅིག་ཏུ། །
ད་ལྟ་ཉིད་དུ་རྫོགས་པར་བྱིན་གྱིས་རློབས། །
པདྨའི་ཞལ་ཚབ་གཏེར་བདག་གླིང་པ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
རྣམ་བཞིའི་རིག་འཛིན་གྲུབ་པའི་གོ་འཕང་མཆོག །
ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །
ཀུན་ཏུ་བཟང་མོ་མི་འགྱུར་དཔལ་སྒྲོན་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
འོད་གསལ་ཀློང་ཆེན་དགོངས་པའི་གསང་མཛོད་མཆོག །
ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །
བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
གྲོལ་བ་དྲུག་ལྡན་རྡོ་རྗེའི་རྩེ་མོའི་ལམ། །
ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །
མཁན་ཆེན་ཨོ་རྒྱན་བསྟན་འཛིན་རྡོ་རྗེ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
འོད་གསལ་ལྷུན་གྲུབ་ཆོས་ཉིད་མངོན་སུམ་ལམ། །
ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །
ངེས་གསང་ལམ་སྟོན་ཕྲིན་ལས་རྣམ་རྒྱལ་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
ཉམས་སྣང་གོང་འཕེལ་ལྔ་ལྡན་ཚོམ་བུའི་དཀྱིལ། །
ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །
ཐར་གླིང་སྣང་མཛད་ཕྲིན་ལས་ཆོས་སྒྲོན་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
རིག་པ་ཚད་ཕེབས་རང་སྣང་ལོངས་སྐུའི་ཞིང་། །
ད་ལྟ་ཉིད་དུ་བགྲོད་པར་བྱིན་གྱིས་རློབས། །
ཀློང་ཆེན་གཉིས་པ་རྡོ་རྗེ་གཟི་བརྗིད་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
ཆོས་ཟད་བློ་འདས་གཞོན་ནུ་བུམ་སྐུའི་ཀློང་། །
ད་ལྟ་ཉིད་དུ་གྲོལ་བར་བྱིན་གྱིས་རློབས། །
རིགས་ཀུན་བདག་པོ་པདྨ་གར་དབང་ལ། །
གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
དགོངས་བརྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་གྱིས། །
ད་ལྟ་ཉིད་དུ་སྨིན་པར་བྱིན་གྱིས་རློབས། །
གཞན་ཡང་ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །
སོགས་དཀྱུས་ལ་འཇུག་གོ།
ཅེས་པའང་ཐེག་པ་མཆོག་ལ་མོས་པས་སྤྱོད་པ་སྔགས་བན་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བདེ་ཆེན་འོད་གསལ་ཕུག་ནས་གསོལ་བ་བཏབ་པ་དགེ།། །།