Advice for Gelong Jampa Dargye—Tibetan
༄༅། །དགེ་སློང་བྱམས་པ་དར་རྒྱས་ངོར་གདམས་པ།
མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དལ་འབྱོར་རྙེད་དཀའ་སྒོ་གསུམ་ཆོས་ལ་དྲིལ། །ནམ་འཆི་ངེས་མེད་རྣམ་གཡེང་ཁར་མི་གཏོང་། །ལས་འབྲས་མི་བསླུ་བླང་དོར་ཚུལ་བཞིན་བྱོས། །འཁོར་བའི་སྡུག་བསྔལ་བཟོད་དཀའ་སྐྱོ་བ་སྐྱེད། །ཕུང་ཁྲོལ་རྩ་བ་ཚེ་འདིའི་ཞེན་པ་ཐོངས། །ཆོས་པའི་དགྲ་ཟླ་ཆོས་བརྒྱད་ཆོམ་ལ་ཕོབ། །དབེན་པའི་རི་བོར་སྒྲུབ་མཐའ་འཆི་ལ་གཏོད། །སྐྱིད་སྡུག་གང་བྱུང་རོ་སྙོམ་ལམ་དུ་ཁྱེར། །ནམ་ཡང་བསླུ་མེད་མཆོག་གསུམ་སྐྱབས་སུ་བསྟེན། །ཐེག་ཆེན་ལམ་རྩ་བྱང་ཆུབ་སེམས་མཆོག་བསྐྱེད། །འགལ་རྐྱེན་སྦྱོང་བྱེད་རྡོར་སེམས་སྒོམ་བཟླས་བརྩོན། །མཐུན་རྐྱེན་སྒྲུབ་པ་ཚོགས་བསགས་མཎྜལ་ཕུལ། །བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་སྒོམས། །ཡོན་ཏན་གཞི་མ་ཚངས་སྤྱོད་མིག་ལྟར་སྲུངས། །ཡོན་ཏན་འཇུག་སྒོ་དག་སྣང་ཕྱོགས་མེད་སྦྱོངས། །ཡོན་ཏན་དངོས་གཞི་ཐོས་བསམ་སྒོམ་ལ་དྲིལ། །ཡོན་ཏན་མཐར་འདོན་བརྩོན་འགྲུས་ལྕག་གིས་བྲོབས། །བྱིན་རླབས་འཇུག་འདོད་བླ་མའི་སྒྲུབ་པ་ཟབ། །དངོས་གྲུབ་ཐོབ་འདོད་ཡི་དམ་བསྙེན་སྒྲུབ་འབུངས། །མཁའ་འགྲོ་ཆོས་སྐྱོང་མཆོད་དང་ཕྲིན་ལས་འགྲུབ། །ཁྱད་པར་འོད་གསལ་སྙིང་པོའི་ལམ་གྱི་སྲོལ། །བླ་མ་སངས་རྒྱས་དངོས་མཐོང་མོས་གུས་ཀྱིས། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེས་ལ་སྒོམས། །རང་རིག་ངོ་བོ་སྟོང་ལ་རང་བཞིན་གསལ། །རིག་རྩལ་མ་འགགས་སྐུ་གསུམ་དགོངས་པའི་གཤིས། །ཡེ་ནས་གནས་ཀྱང་རང་ངོ་མ་ཤེས་པས། །གཟུང་འཛིན་ནད་ཀྱིས་སྲིད་པར་རྒྱུན་རིང་གནར། །ད་ནི་བླ་མའི་མན་ངག་སྨན་ཆེན་གྱིས། །གཉིས་འཛིན་བློ་ཡི་ཟུག་རྔུ་ཀུན་བསལ་ནས། །རང་རིག་མ་བཅོས་བཞི་ཆ་གསུམ་བྲལ་འདི། །ཀུན་བཟང་ཆོས་སྐུའི་དགོངས་པར་ཐག་ཆོད་ལ། །ཟང་ཐལ་ཀློང་དུ་གུ་ཡངས་གཏན་སྲིད་ཟུངས། །རྩལ་གྱི་རྟོག་ཚོགས་བཟང་ངན་གང་ཤར་ཡང་། །དགག་སྒྲུབ་མ་བྱེད་ཤར་མཁན་རང་ངོ་ལྟོས། །སྦྲུལ་གྱི་མདུད་པ་ཆུ་ཡི་རི་མོ་བཞིན། །རང་གིས་རང་གྲོལ་གཉེན་པོ་གཞན་མི་དགོས། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་སྟེ། །ཅིར་སྣང་ཀུན་བཟང་སྤྱོད་པའི་རྒྱན་དུ་ཤར། །ཐུན་མཚམས་ཀུན་ཏུ་ཚོགས་དྲུག་ལྷུག་པར་སྐྱོངས། །ཡིད་དཔྱོད་འཛིན་པའི་ལྟ་སྒོམ་ཅི་བདེར་བོར། །ཉམས་ལ་མ་ཞེན་ཡང་དང་ཡང་དུ་ཤིགས། །རྣམ་ཀུན་མ་བརྗེད་ཆོས་ཉིད་དྲན་པ་བརྟེན། །གེགས་སེལ་སྙིང་པོ་རེ་དོགས་ཞེན་འཛིན་དོར། །བོགས་འདོན་རྒྱལ་པོ་བླ་མར་མོས་གུས་རེམས། །མ་རྟོགས་འགྲོ་ལ་དམིགས་མེད་སྙི་རྗེ་སྒོམས། །སྤྱོད་ཡུལ་ཡོངས་སུ་དག་པ་དྲན་བྱས་ནས། །རླབས་ཆེན་ཚོགས་གཉིས་བསགས་ལ་གོམས་པར་མཛོད། །དེ་སྐད་མདོ་ཁམས་ཞེ་ཆེན་རྒྱལ་ཚབ་པས། །སྒྲུབ་བརྩོན་དགེ་སློང་བྱམས་པ་དར་རྒྱས་ལ། །ལྷོ་བྲག་མཁར་ཆུའི་སྒྲུབ་གནས་ཆེན་པོར་གདམས། །དགེ་བས་འགྲོ་ཀུན་རྣམ་མཁྱེན་གྲོང་འཇུག་ཤོག །