The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Namkha Khyung Dzong Monastery in Tibet—Tibetan

English | བོད་ཡིག

༄༅། །བོད་དུ་བཞུགས་པའི་ནམ་ཁྱུང་གྱི་ལོ་རྒྱུས་མདོར་བསྡུས།

བོད་དུ་བཞུགས་པའི་ནམ་ཁྱུང་གྱི་ལོ་རྒྱུས་མདོར་བསྡུས་ཤིག་ཞུས་ན། བོད་གངས་ཅན་གྱི་ལྗོངས་འདིར་གྲོལ་བ་གསུམ་ཞེས་ཡོངས་གྲགས་སུ། སྟོད་མངའ་རིས་སྐོར་གསུམ་གནས་ཀྱིས་གྲོལ། བར་དབུས་གཙང་རུ་བཞི་རྟེན་གིས་གྲོལ། སྨད་མདོ་ཁམས་སྒང་དྲུག་བླ་མས་གྲོལ་ཞེས་གསུངས་པ་ལྟར། སྟོད་གངས་རིན་པོ་ཆེའི་ཉེ་འདབས་རྨ་བྱ་ཁ་འབབ་ཀྱི་ཆུ་མགོར་གནས་འཆའ་བ་དཔལ་བྲག་དམར་ནམ་མཁའ་ཁྱུང་རྫོང་ཞེས་སྔོན་གྲུབ་ཆེན་སྤྱན་སྔ་གླིང་པའི་སྒྲུབ་གནས་དེར་ཕྱག་བཏབ། བདེ་རྒྱལ་གོང་མ་བཞུགས་རིང་ཆོས་སྒར་ཆེན་པོ་ཞིག་ལས་དངོས་སུ་དགོན་གཞིས་མ་བཏབ། ཕྱིས་ཨ་འཇམ་རིན་པོ་ཆེ་དང་གསེར་རྟ་རིན་པོ་ཆེ། བླ་མ་བློ་བཟང་ཉི་མ་སོགས་ཀྱིས་དཀའ་བ་དང་བླང་གིས་དེར་བཞུགས་གྲྭ་ཚང་ཡོངས་ལ་དགོས་གལ་ཆེན་པོར་དམིགས་ཏེ་རྟེན་དང་བརྟེན་པར་བཅས་པའི་དགོན་གཞི་གསར་དུ་བསྐྲུན། ཁྱད་པར་མ་འོངས་པར་ཐུགས་རྒྱང་རིང་པོར་གཟིགས་པའི་བྱས་རྗེས་བླ་ན་མེད་པ་ཞིག་ཡིན། ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞི་ཡི་ཡ་གྱལ་རྨ་བྱ་ཁ་འབབ་ཀྱི་ཡར་ངོས་སུ་གནས་གཞི་བྱས་པའི་ནམ་མཁའ་ཁྱུང་རྫོང་ལ་ཕྱི་སྒོ་དང་ནང་སྒོ་དང་གསང་སྒོ་ཞེས་བྲག་རང་བྱུང་གི་སྒོ་ལྟ་བུ་གསུམ་དུ་བཞུགས་ཤིང་། ཕྱི་སྒོ་ན་རིམ་གཉིས་ཀྱི་རྣལ་འབྱོར་གོས་དཀར་ལྕང་ལོ་ཅན་རྣམས་བཞུགས་ཤིང་། བར་སྒོ་ན་རབ་བྱུང་ངུར་སྨྲིག་གི་སྡེ་དག་བཞུགས་ཤིང་། དེ་ཡི་གཡོན་ཕྱོགས་སུ་ཇོ་མོ་ལུང་ངམ་བཙན་མའི་སྡེ་ཁོ་ནའི་བསྟི་གནས་སུ་བཅའ་ཁྲིམས་མཛད་ཡོད། གསང་སྒོ་ན་མཁའ་འགྲོ་གསང་བའི་ཤེལ་ཕུག་ཅེས་༧སྐྱབས་མགོན་བདེ་རྒྱལ་རིན་པོ་ཆེ་ཉིད་དགུང་གྲངས་སུམ་ཅུའི་བར་སྐུ་མཚམས་བཞུགས་པའི་སྒྲུབ་ཕུག་ཁྱད་པར་ཅན་དེ་བཞུགས། ནང་སྒོར་སྔོན་གྱི་འདུ་ཁང་གི་རྨངས་གཞི་སོགས་ཞིག་རལ་ད་ཕྱིན་པ་དག་ད་ལྟའང་མཇལ་རྒྱུ་ཡོད། དེ་བཞིན་དུ་སྐུ་གདུང་ལྷ་ཁང་དང་། ཨ་འཇམ་རིན་པོ་ཆེའི་གཟིམ་ཁང་། བདེ་རྒྱལ་སྐུ་ཕྲེང་གཉིས་པའི་བླ་བྲང་། ཡིག་བརྒྱ་འཁོར་ཆེན་དག་གི་ཤུལ་དག་ཀྱང་མཐོང་རྒྱུ་ཡོད། དེ་ནི་སྤྱི་ལོ་ ༡༩༥༩ ལོར་བོད་དུ་དུས་ཟིང་ཆེན་པོ་བྱུང་སྐབས་རྩ་བརླག་ཏུ་སོང་བ་ཞིག་ཡིན་ལ།

པདྨ་རིག་རྩལ་རིན་པོ་ཆེ།

Remains of Namkha Khyung Dzong, Tibet

This website uses cookies to collect anonymous usage statistics and enhance the user experience.
Decline
Accept