Dudjom Tröma Nakmo History—Tibetan
༄༅། །ཟབ་མོ་གཅོད་ཀྱི་རིམ་པ་བདུད་འཇོམས་ཁྲོས་མ་ནག་མོའི་ལོ་རྒྱུས།
འདིར་ཟབ་མོ་གཅོད་ཀྱི་རིམ་པ་བདུད་འཇོམས་ཁྲོས་མ་ནག་མོ་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུང་རབ་ཐ་དག་གི་བརྗོད་བྱའི་དོན་གྱི་སྙིང་པོར་གྱུར་པ། ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་མངོན་དུ་བྱས་པའམ། དེ་དང་རྗེས་སུ་མཐུན་པའི་གནས་ལུགས་ཟབ་མོ་རྟོགས་པའི་ཤེས་རབ་དང་། བྱམས་སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་ཀྱི་ཉམས་ལེན་དང་། སྦྱིན་སོགས་སྤྱོད་པ་རྒྱ་ཆེན་པོ་ཉིད་དང་མ་བྲལ་བར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལྷའི་རྣལ་འབྱོར་སོགས་དང་ཟུང་འབྲེལ་དུ་གོམས་པར་བྱེད་པའི་ཉམས་སུ་ལེན་ཚུལ་གྱིས། སྲིད་ཞི་གཉིས་ལས་འདས་པའི་བྱང་ཆུབ་མངོན་པར་བྱེད་པའི་མན་ངག་ཁྱད་པར་བ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཟབ་མོ་བདུད་འཇོམས་ཁྲོས་མ་ནག་མོར་གྲགས་པའི་ཆོས་སྒོ་འདི་ཡི་བརྒྱུད་པའི་ལོ་རྒྱུས་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་རབ་མཐའ་དག་གི་སྙིང་པོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ནི་ཟབ་མོ་གཅོད་ཀྱི་གདམས་པ་འདིའི་གཞུང་གི་གཙོ་བོ་ཡིན་ལ། དེ་ལ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དང་གཉིས་སུ་ཡོད་པ་ལས། དང་པོའི་གདམས་པ་ནི། རྒྱལ་བ་ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དཔལ་སྨྲ་སེང་། དཔལ་ལྡན་ཨཱརྻ་དེ་ཝ། དེས་དམ་པ་སངས་རྒྱས་ལ་གནང་། གཉིས་པ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི། རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ་མགོན་པོ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། ཨཱརྻ་དེ་ཝ། དེས་དམ་པ་སངས་རྒྱས་ལ་གནང་། དེས་ན་དམ་པ་ལ་གདམས་ངག་དེ་གཉིས་ཀ་མངའ་བ་སྐྱོ་སྟོན་བསོད་ནམས་བླ་མ་ལ། དེས་མ་ཅིག་ལབ་སྒྲོན་ལ་གནང་བ་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་དང་། ཤེར་ཕྱིན་གྱི་དངོས་དོན་གསང་སྔགས་དང་འབྲེལ་བར་ཉམས་སུ་ལེན་ཚུལ་གྱི་གདམས་པ། ཆོས་སྐུ་ཡུམ་ཆེན་མོ་རྗེ་བཙུན་སྒྲོལ་མ། མཁའ་འགྲོ་མ་སུ་ཁ་སིདྡྷི། དེས་མ་ཅིག་ལབ་སྒྲོན་ལ་གནང་བ་ལ་མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་དང་། གདམས་པ་དེ་གཉིས་གཅིག་འདྲེས་ཀྱི་ཚུལ་དུ་མ་གཅིག་གི་རང་སྲས་རྣམས་ལ་གནང་བ་ལ་ཐབས་ཤེས་གཉིས་མེད་ཀྱི་བརྒྱུད་པ་ཞེས་གྲགས་ལ། གཞན་ཡང་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། རྗེ་བཙུན་སྒྲོལ་མ། དེ་ལས་མ་ཅིག་ལ་གནང་བ་ལ་གསང་སྔགས་ཀྱི་བརྒྱུད་པར་ངོས་བཟུང་། དེ་ལས་བྱུང་བའི་གཅོད་ཀྱི་གདམས་པ་ནི་སྔོན་ནས་ད་ལྟའི་བར་གྲུབ་མཐའ་རིས་མེད་ཀྱི་དམ་པ་ཀུན་གྱིས་ཉམས་བཞེས་སུ་མཛད་ནས་གཅོད་ཀྱི་སྤྱི་གཞུང་ལྟ་བུར་ཡོངས་སུ་གྲགས་པ་དང་། དེར་མ་ཟད་གཏེར་ཆེན་རིན་པོ་ཆེ་ལ་མ་ཅིག་ཡེ་ཤེས་སྒྱུ་མའི་སྐུས་དངོས་སུ་རྗེས་སུ་བཟུང་སྟེ་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པ་གནང་བ་དང་། ཕ་ཅིག་དམ་པས་ཀྱང་ཞལ་དངོས་སུ་བསྟན་ནས་སྟོང་ཉིད་ལྟ་བའི་གནད་དོན་ཚུལ་བཞིན་དུ་གདམས་པར་གསུངས་ལ། གཅོད་ཀྱི་ཉམས་ལེན་གྱི་སྙིང་པོ་ནི་ལྟ་བ་ཡིན་པས་ན་བརྒྱུད་ཚུལ་འདི་དག་ཀྱང་ཟབ་ཁྲིད་འདིའི་བརྒྱུད་པར་དོན་གྱིས་སོང་བ་ཡིན་ནོ། །དེ་ཡང་གཏེར་ཆེན་བདུད་འཇོམས་གླིང་པས། ན་མོ། སྐྱེ་དགུ་མགོན་པོ་སངས་རྒྱས་བཅོམ་ལྡན་འདས། །རྒྱལ་བ་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན། །དམ་པ་སངས་རྒྱས་ཐོད་པ་བྷ་ཏྲ་དང་། །མ་ཅིག་ཡུམ་སྲས་བུ་སློབ་བཅས་པ་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །སོགས་དང་། གཞན་ཡང་། དབང་བཞིའི་ཆུ་རྒྱུན་ལས། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། །གཉིས་མེད་མཉམ་སྦྱོར་གྱི་བརྒྱུད་པ་ལ་གསོལ་བ་འདེབས། །རྟོགས་ལྡན་ཉམས་མྱོང་གི་བརྒྱུད་པ་ལ་གསོལ་བ་འདེབས། །ཟབ་མོ་གཅོད་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས། རིག་འཛིན་གྲུབ་ཐོབ་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས་སོགས་དང་། གཞན་ཡང་གསར་རྙིང་ཀུན་ལ་བཀའ་གཏེར་དག་སྣང་ཅི་རིགས་ལས་བྱུང་བའི་གཅོད་ཀྱི་མན་ངག་ཁྲོས་མའི་ཆོས་སྒོ་ཡོངས་སུ་རྫོགས་པ་མཐའ་ཡས་པ་ཞིག་ཡོད་པ་ནི་སྨྲོས་ཀྱིས་ག་ལ་ལང་། བྱེ་བྲག་ཏུ་གདམས་པ་འདི་ནི་དེ་དག་ཀུན་ལས་ཁྱད་པར་དུ་གྱུར་པ་བདག་ཅག་གི་འདྲེན་མཆོག་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས། དགོངས་གཏེར་ཆོས་ཉིད་ནམ་མཁའི་ཀློང་མཛོད་ཆེན་པོའི་སྐོར་ལས་བྱུང་བའི་ཉེ་བརྒྱུད་ཀྱི་གདམས་ངག་རྨད་དུ་བྱུང་བ་སྙིགས་མའི་དུས་འདིར་ཡང་གདུལ་བྱའི་སྐྱེ་བོ་མཐའ་ཡས་པ་སྨིན་ཅིང་གྲོལ་བར་བྱེད་པའི་རྟེན་འབྲེལ་དུས་བབས་ཀྱི་ཆོས། གྲུབ་པའི་དབང་ཕྱུག་དཔལ་ས་ར་ཧས་གནང་བའི་མན་ངག་ཟབ་མོ་སྟེེ། གཏེར་ཆེན་གང་ལ་ཆོས་ཀྱི་བདག་པོར་གྱུར་པའི་འཇའ་ལུས་བཅུ་གསུམ་དུ་གྲགས་པ་ལས། པདྨ་བདེ་ཆེན་རྒྱལ་པོ་གང་ཉིད་ནི། ཁྲོས་མའི་ཆོས་བདག་ཏུ་མ་ཟད་མངའ་རིས་སྐོར་གསུམ་གཙོར་གྱུར་པའི་རྒྱ་བལ་གྱི་ས་མཚམས་སོགས་སུ་འགྲོ་འདོན་ཡོང་བ་ཕྱི་མཐའ་མངོན་གཟིགས་ཀྱི་རྨི་ལམ་ལུང་བསྟན་གྱིས་བསྔགས་པ་མངོན་དུ་གྱུར་པ་ལགས། ཟབ་མོ་གཏེར་གྱི་བརྒྱུད་པ་ལ། དཔལ་ས་ར་ཧ། ཁྲག་འཐུང་བདུད་འཇོམས་གླིང་པ། གྲུབ་ཆེན་པདྨ་བདེ་བའི་རྒྱལ་པོ། པདྨ་ལུང་རྟོགས་རྒྱ་མཚོ། འཇིགས་མེད་པདྨ་ཆོས་དབྱིངས་རང་གྲོལ་དང་། སྐུ་ཞབས་ཚེ་དབང་རིན་པོ་ཆེ། དེ་གཉིས་ལས་ཁོ་བོས་དབང་ལུང་མན་ངག་ཡོངས་རྫོགས་ཀྱི་སྐལ་བཟང་ཐོབ་པ་ལགས་སོ། །གཞན་ཡང་། ཐུན་མིན་རྫོགས་པ་ཆེན་པོ་པདྨ་བདེ་ཆེན་རྒྱལ་པོ་ནས་བརྒྱུད་ཚུལ་ནི་ཐོག་མར། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་། རྡོ་རྗེ་ཆོས་སྟེ་ཕྱག་ན་རྡོ་རྗེའིབར་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། དགའ་རབ་རྡོ་རྗེ། མཉྫུ་ཤྲཱི། ཤྲཱི་སིང་ཧ། ཛྙཱ་ན་སུ་ཏྲ། བྷུདྡྷ་བི་མ་ལ། པདྨ་འབྱུང་གནས། བཻཻ་རོ་ཙ་ན། ཁྲི་སྲོང་ལྡེའུ་བཙན། ཡེ་ཤེས་མཚོ་རྒྱལ་དག་རིག་འཛིན་བརྡ་ཡི་བརྒྱུད་པ་དང་། ཀུན་མཁྱེན་དྲི་མེད་འོད་ཟེར་། རིག་འཛིན་འཇིགས་མེད་གླིང་པ། རྒྱལ་སྲས་གཞན་ཕན་མཐའ་ཡས། དམ་ཚིག་རྡོ་རྗེེ། མཉྫུ་བཛྲ། ཧེ་རུ་ཀ་དཔལ་ལམ་ཁྲག་འཐུང་བདུད་འཇོམས་གླིང་པ། དེས་པདྨ་བདེ་ཆེན་རྒྱལ་པོའི་བར་གང་ཟག་སྙན་ཁུང་བརྒྱུད་པ་སྟེ། བརྒྱུད་པ་གསུམ་དུ་འདུས་ཤིང་། དེ་ནས་པདྨ་ལུང་རྟོགས་རྒྱ་མཚོ་འམ་གསེར་རྟ་བླ་མ། དེས་བདེ་རྒྱལ་སྐུ་ཕྲེང་གཉིས་པ་པདྨ་ཆོས་དབྱིངས་རང་གྲོལ་དང་སྐུ་ཞབས་ཚེ་དབང་རིན་པོ་ཆེ་གཉིས་དང་དེ་ལས་ཁོ་བོས་མནོས་སོ། །གདམས་ངག་གི་སྐོར་ནི། ས་གཏེར་སྔོན་འགྲོ། ཁྲོས་མའི་གཅོད་ཁྲིད་རྒྱས་པ། བྱང་ཆུབ་སེམས་ཁྲིད། གཟུང་འཛིན་འཁྲུལ་པ་རང་གྲོལ། གནས་ལུགས་རང་བྱུང་། སྣང་སྦྱང་། ཤེས་རིག་རྡོ་རྗེ་རྣོན་པོ། ཐོད་རྒལ་ཞག་བརྒྱ་མ་དང་ཟླ་དྲུག་མ་བཅས་སོགས་ནི། བྱིན་རླབས་ཀྱི་ཚན་ཁ་མ་ཉམས། དམ་སེལ་གྱི་སླད་མ་ཞུགས། མཁའ་འགྲོའི་ཞལ་རླངས་མ་ཡལ་བར་བཞུགས་པའི་བརྒྱུད་པ་རིན་པོ་ཆོ་འདི་ལ། ཁོ་བོ་མ་གཏོགས་པའི་གོང་མ་རྣམས་ནི། གཏེར་ཆེན་རཏྣ་གླིང་པའི་ཞལ་གདམས་ལས། ང་ལ་ཉན་ཅིང་རྗེས་སུ་འཇུག་པ་རྣམས༔ བརྒྱུད་པ་བྱིན་རླབས་དང་ལྡན་པ༔ གང་ཟག་རྟོགས་པ་དང་ལྡན་པ་རྣམས་ལ་གཏུགས་ཤིག༔ དང་པོ་གསང་སྔགས་ལག་ལེན་གྱི་ཆེ་བར་གྱིས་ཤིག༔ བར་དུ་གཞུང་མཆན་འགྲེལ་དང་བཅས་པ་ལ་བྱན་ཚུད་པར་གྱིས་ཤིག༔ དེ་རྗེས་བསྙེན་པ་གྲངས་རྟགས་ཐེམས་པ་རེ་སྐྱོལ་ཅིག༔ མཐར་ཏིང་འཛིན་གསུམ་ལ་གཟེར་ཐེབས་དྲོད་ཐོབ་པར་གྱིས་ཤིག༔ གསུངས་པ་ལྟར། གོང་མ་རྣམས་ནི་བསྙེན་ཚད་ཚད་དུ་འཁྱོལ་ཞིང་ཁྲོས་མའི་ཞིལ་གཟིགས་ལུང་བསྟན་སྣ་རེ་མ་ཐོབ་པ་མེད་པའི་རྟོགས་པ་དོན་བརྒྱུད་ཀྱི་བྱིན་རླབས་ཕོག་པའི་རྣལ་འབྱོར་པ་ཤ་སྟག་གོ།