Yoga of Conduct—Tibetan
༄༅། །རྣལ་འབྱོར་བཞི་ལས༔ སྤྱོད་པའི་རྣལ་འབྱོར་བཞུགས་སོ༔ ༔
དཔལ་ཀུན་ཏུ་བཟང་པོ་ལ་ན་མོ༔ རིགས་ཀྱི་བུ་སྤྱོད་པ་ལ་རྣལ་འབྱོར་དུ་བྱེད་པ་ལ་དྲུག་སྟེ༔ སྤྱོད་པའི་ངོ་བོ༔ ཇི་ལྟར་སྤྱོད་པའི་ཚུལ༔ ངེས་ཚིག༔ དབྱེ་བ༔ ཉམས་སུ་བླང་ཐབས༔ མཚན་བསྟན་པའོ༔ དང་པོ་སྤྱོད་པའི་ངོ་བོ་ནི་བདེ་སྡུག་རོ་སྙོམས་ཤིང་༔ ལྟ་སྒོམ་ལ་བོགས་འདོན་པའོ༔ དང་པོ་ལུས་ངག་ཡིད་གསུམ་ལ་སྡུག་བསྔལ་ཅི་ཤར་ཡང་༔ རང་ཤར་རང་གྲོལ་དུ་ལམ་དུ་འཁྱེར་ཏེ༔ མི་སྤངས་འདོད་ཐོག་ཏུ་ཤེས་པར་བྱའོ༔ ཐམས་ཅད་རང་རིག་ཏུ་ཐག་ཆོད་པའོ༔ རྒྱུད་ལས་ཀྱང་༔ སྤྱོད་པའི་ངོ་བོ་རོ་སྙོམས་ཤིང་༔ རང་ཤར་རང་གྲོལ་ལམ་དུ་སྤྱད༔ ཅེས་སོ༔ ཇི་ལྟར་སྤྱོད་པའི་ཚུལ་ནི་གསུམ་ལས༔ ལས་དང་པོ་པ་ཐ་མལ་ལས་ལྡོག་པའི་སྤྱོད་པ་ཆོས་སྤྱོད་བཅུ་ལ་བསླབ་སྟེ༔ ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་ལས༔ ཡི་གེ་འབྲི་མཆོད་སྦྱིན་པ་དང་༔ ཉན་དང་ཀློག་དང་འཛིན་པ་དང་༔ འཆད་དང་ཁ་ཏོན་བྱེད་པ་དང་༔ དོན་སེམས་པ་དང་སྒོམ་པ་བཅུ༔ འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན༔ འདྲེན་པ་རྣམས་ཀྱི་གཤེགས་ཤུལ་ཡིན༔ ཅེས་པས༔ ལས་དང་པོས་ཆོས་སྤྱོད་བཅུ་ལ་སྤྱད་དོ༔ དེ་ནས་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་སྟེ༔ ཉི་ཟླ་ཁ་སྦྱོར་ལས༔ འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་ཡིད་ཀྱི་སྤྱོད་པ་དང་༔ ཞེས་པས༔ འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པར་བྱའོ༔ དེ་ནས་བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་ལ་བསླབ་སྟེ༔ ངོ་འཕྲོད་པའི་གང་ཟག་དེ་བོགས་འདོན་པར་བྱེད་པ་ལ༔ དུར་ཁྲོད་དང་ལུང་སྟོང་དུ་རི་དྭགས་སྨས་མ་ལྟ་བུའམ་སྤྲང་པོ་ལྟ་བུའི་ཚུལ་གྱིས་རྒྱུ་ཞིང་དེའི་གྲོགས་སུ་ཆགས་ཅན་ཡིན་ན་ལས་ཀྱི་ཕྱག་རྒྱ་དང་འགྲོགས༔ ཆགས་བྲལ་ཡིན་ན་ཉམས་མྱོང་གི་ཕྱག་རྒྱ་དང་འགྲོགས་པའོ༔ སྔ་མ་ལས༔ བརྟུལ་ཞུགས་ལམ་དུ་སློང་བར་བྱེད་པ་གྲོགས་ཀྱི་སྤྱོད་པ་དང་༔ ཞེས་པས༔ ངེས་ཚིག་ནི་སྣང་བ་གང་ཤར་ལ་མི་དགག་པར་སྤྱོད་པས་ན་སྤྱོད་པ་ཞེས་བྱའོ༔ རང་ཤར་ལས༔ རང་བྱུང་བཅོས་བསླད་མེད་པ་ཆེན་པོ་ཡིན༔ བྱས་པ་མེད་པའི་སྤྱོད་པ་ཉིད༔ རང་བྱུང་མ་བཅོས་བཅོས་བསླད་མེད༔ སྤྱོད་པ་ཆེན་པོ་དེ་ཡིན་ནོ༔ ཞེས་སོ༔ དབྱེ་བ་ལ་བདུན་ཏེ༔ བུང་བ་ལྟ་བུའི་སྤྱོད་པ་དང་༔ ཐི་བྱ་ལྟ་བུའི་སྤྱོད་པ་དང་༔ རི་དྭགས་ལྟ་བུའི་སྤྱོད་པ་དང་༔ ལྐུགས་པ་ལྟ་བུའི་སྤྱོད་པ་དང་༔ སྨྱོན་པ་ལྟ་བུའི་སྤྱོད་པ་དང་༔ ཁྱི་ཕག་ལྟ་བུའི་སྤྱོད་པ་དང་༔ སེང་གེ་ལྟ་བུའི་སྤྱོད་པ་དང་བདུན་ནོ༔ རྒྱུད་ལས་ཀྱང་༔ སྤྱོད་པའི་གྲངས་ནི་བདུན་དུ་བསྡུ༔ ཞེས་སོ༔ སྤྱོད་བྱེད་ཉམས་སུ་ཇི་ལྟར་བླང་བ་ནི༔ ཉི་ཟླ་ཁ་སྦྱོར་ལས༔ བུང་བ་ལྟ་བུའི་༼ཐོས་བསམ་སྒོམ་གསུམ་གྱིས་མཐའ་བཅད་ནས་༽སྤྱོད་པ་ཡིས༔ ཆོས་རྣམས་ཀུན་གྱི་རོ་མྱོང་བྱ༔ རི་དྭགས་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་བའི་རྐྱེན་གྱུར་ཡུལ་རྣམས་སྤང་༔ ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས༔ འཁྲུལ་པའི་ངག་ནི་རྣམ་པར་སྤང་༔ ཐི་བྱ་ལྟ་བུའི་སྤྱོད་པ་ཡིས༔ གསང་བ་ཐབས་ཀྱི་༼ཐེ་ཚོམ་མེད་པར་གདམས་པ་ཉམས་སུ་བླང་༽ཐེ་ཚོམ་གཅོད༔ སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས༔ གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་༔ སེང་གེ་ལྟ་བུའི་སྤྱོད་པ་ཡིས༔ འཇིགས་པའི་སེམས་སྤངས་དུར་ཁྲོད་རྒྱུ༔ ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས༔ གཙང་དང་སྨེ་པའི་རྣམ་རྟོག་སྤང་༔ ཞེས་སོ༔ མཚན་བསྟན་པ་ནི༔ སྤྱོད་པ་འདི་ལ་མིང་དུ་བཏགས་ན་བརྟུལ་ཞུགས་དབང་སྒྱུར་གྱི་སྤྱོད་པ་ཞེས་བྱའོ༔ རྒྱུད་ལས་ཀྱང་༔ སྤྱོད་པ་བརྟུལ་ཞུགས་དབང་སྒྱུར་ཉིད༔ ཅེས་བྱའོ༔ སྤྱོད་པ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་བསྟན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔