Orgyen Padma’s Enlightened Deeds—Tibetan
༄༅། །ཨོ་རྒྱན་པདྨས་མཛད་པའི་བཀའ་ཐང་བསྡུས་པ་བཞུགས་སོ༔
༄༅། །ཨོ་རྒྱན་སྐད་དུ༔ བུད་དྷ་དྷརྨ་སཾགྷ་དྷ་ཡ༔
བོད་སྐད་དུ༔ སངས་རྒྱས་ཆོས་དང་དགེ་འདུན་ལ༔ རྟག་ཏུ་གུས་པས་ཕྱག་འཚལ་ལོ༔
འདྲེན་པའི་སྐྱེས་བུ་པདྨ་འབྱུང་གནས་ཀྱི༔ གདུལ་བྱའི་དོན་དུ་འཁྲུངས་རབས་འདི་བསྟན་པས༔ སྐལ་ལྡན་དོན་དུ་ཤེས་ལྡན་དད་པས་སྐྱོབ༔ ཨེ་མ་ཧོ༔ དེ་ནས་རྒྱལ་སྲས་མུ་ཁྲི་བཙན་པོ་ཡིས༔ དབུ་རྩེ་རིགས་གསུམ་སློབ་དཔོན་སྤྱན་དྲངས་ནས༔ ཟ་འོག་དགུ་བརྩེགས་ཁྲི་ལ་སློབ་དཔོན་བཞུགས༔ ཟ་འོག་ལྔ་བརྩེགས་ཁྲི་ལ་མཁན་པོ་བཞུགས༔ གཡས་གྲལ་གཡོན་གྲལ་གབ་རྩེའི་གདན་སྟེང་ནས༔ བཻ་རོས་གཙོ་བྱས་ལོ་ཙཱ་རྣམ་གསུམ་བཞུགས༔ ནོར་སྣ་ཁྱད་འཕགས་མང་པོ་ཕུལ་ནས་སུ༔ ཕྱག་སྟེ་མང་དུ་བཙལ་ནས་ཞུས་པ་ནི༔ ཨེ་མ་ཧོ༔ དུས་གསུམ་མཁྱེན་པའི་རྒྱལ་སྲས་ཆེན་པོ་ལགས༔ ཡབ་རྗེ་ཁྲི་སྲོང་ལྡེའུ་བཙན་དགུང་དུ་གཤེགས༔ བསྟན་པའི་སྒྲོན་མེ་སྲིན་པོའི་ཡུལ་དུ་གཤེགས༔ བོད་ཀྱི་མི་རྣམས་ཚེ་ཐུང་གཡེང་བས་ཁེངས༔ འདི་ནས་བཟུང་སྟེ་བསྐལ་པ་ཐ་མའི་བར༔ སྐལ་ལྡན་དོན་དུ་དམ་ཆོས་དོན་འདུས་པ༔ གུ་རུ་ཉིད་ལ་གསོལ་བ་འདེབས་ནུས་པའི༔ ཁྱེད་ཀྱིས་རྣམ་ཐར་མདོར་བསྡུས་གསུང་བར་ཞུ༔ དེ་སྐད་ཞུས་པས་གུ་རུས་བཀའ་སྩལ་པ༔ ལེགས་པར་ཉོན་ཅིག་མུ་ཁྲི་བཙན་པོ་ཁྱོད༔ མ་འོངས་དོན་དུ་བདག་གིས་མདོར་བསྡུས་བསྟན༔
ཨེ་མ་ཧོ༔ སྐྱེས་པའི་ཡབ་བརྒྱད་བལྟམས་པའི་ཡུལ་བརྒྱད་དང་༔ སྤྲུལ་བའི་སྲས་བརྒྱད་བྱོན་པའི་ཡུལ་བརྒྱད་དང་༔ བཞུགས་པའི་གནས་བརྒྱད་བསྟེན་པའི་བླ་མ་བརྒྱད༔ ཞལ་གཟིགས་ཡི་དམ་མཐར་ཕྱིན་སྒྲུབ་རྟགས་བརྒྱད༔ དུར་ཁྲོད་ཆས་བརྒྱད་ཆོས་བརྒྱུད་སློབ་མ་བརྒྱད༔ དབེན་གནས་བརྒྱད་དང་ཐུགས་བྱོན་ཇོ་མོ་བརྒྱད༔ མཛད་འཕྲིན་བརྒྱད་དང་སྦས་པའི་གཏེར་ཁ་བརྒྱད༔ ཉམས་ལེན་ཟབ་ཆོས་བརྒྱད་དང་ཆོས་བདག་གླིང་པ་བརྒྱད་རྣམས་ཡོད༔
ཨེ་མ་ཧོ༔ དང་པོ་གུ་རུ་མཚན་བརྒྱད་བྱོན་ཚུལ་ནི༔ ཁམས་གསུམ་སེམས་ཅན་བདེ་ལ་བཀོད༔ གུ་རུ་པདྨ་འབྱུང་གནས་ཡིན༔ བསྟན་པའི་མངའ་བདག་ཆོས་ཀྱི་རྗེ༔ གུ་རུ་པདྨ་སཾ་བྷ་ཡིན༔ སྐྱོན་གྱིས་མ་གོས་སྡེ་སྣོད་གསུམ༔ གུ་རུ་པདྨ་རྒྱལ་པོ་ཡིན༔ བདེ་བ་ཐམས་ཅད་སྐུ་ལ་རྫོགས༔ གུ་རུ་རྡོ་རྗེ་གྲོ་ལོད་ཡིན༔ ཐེག་ཀུན་མཉམ་ཉིད་ནམ་མཁར་བརྡལ༔ གུ་རུ་ཉི་མ་འོད་ཟེར་ཡིན༔ སྐུ་ལུས་གཅིག་ལ་བཀོད་པ་བརྒྱད༔ གུ་རུ་ཤཱཀྱ་སེང་གེ་ཡིན༔ རིགས་དྲུག་ཀུན་ལ་ཆོས་སྒྲ་སྒྲོག༔ གུ་རུ་སེང་གེ་སྒྲ་སྒྲོག་ཡིན༔ ཤེས་བྱ་ཐམས་ཅད་མཁྱེན་མཛད་པའི༔ གུ་རུ་བློ་ལྡན་མཆོག་སྲེད་ཡིན༔ གུ་རུ་མཚན་བརྒྱད་ཀྱི་ལེའུ་སྟེ་དང་པོའོ༔
ཨེ་མ་ཧོ༔ གཉིས་པ་སྐྱེས་པའི་ཡབ་བརྒྱད་བསྟན་པ་ནི༔ དབྱིངས་རིག་རྣམ་པར་ཤེས་པའི་ཡབ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན༔ སྐྱེ་འཆི་བསྟན་གཉིས་སྤོང་བའི་ཡབ༔ མགོན་པོ་ཚེ་དཔག་མེད་པ་ཡིན༔ རིགས་དྲུག་འཕགས་པ་ཀུན་གྱི་ཡབ༔ སངས་རྒྱས་སྣང་བ་མཐའ་ཡས་ཡིན༔ ཆོས་ཀྱི་རྩ་བ་བྱང་སེམས་ཡབ༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིན༔ བསྟན་པའི་གཞི་མ་དགེ་འདུན་ཡབ༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ཡིན༔ རུས་པ་ཆེ་བ་རྒྱལ་པོའི་ཡབ༔ རྒྱལ་པོ་ཨིནྡྲ་བོ་དྷི་ཡིན༔ མཇལ་བ་སྔ་བ་མི་ཡི་ཡབ༔ ཆོས་བློན་ཏྲིཀ་ན་འཛིན་པ་ཡིན༔ བརྩེ་བས་གྲོས་བཏབ་གྲོགས་ཀྱི་ཡབ ༔ གྲོགས་པོ་གསེར་འོད་དམ་པ་ཡིན༔ སྐྱེས་པའི་ཡབ་བརྒྱད་ཀྱི་ལེའུ་སྟེ་གཉིས་པའོ༔
ཨེ་མ་ཧོ༔ གསུམ་པ་བལྟམས་པའི་ཡུམ་བརྒྱད་བསྟན་པ་ནི༔ དྷ་ན་ཀོ་ཤ་རྒྱ་མཚོའི་ཡུམ༔ པདྨ་གེ་སར་སྡོང་པོ་ཡིན༔ སྤྱིར་ཡང་མ་གྲུབ་བདེ་ཆེན་ཡུམ༔ ཟག་མེད་ཀུན་ཏུ་བཟང་པོ་ཡིན༔ སྤྲུལ་བའི་སྐུ་ལ་བསྟོད་པའི་ཡུམ༔ རྡོ་རྗེ་རྣལ་འབྱོར་མ་ཉིད་ཡིན༔ བདག་འཛིན་སྲི་ཞུ་བཙན་པའི་ཡུམ༔ བཙུན་མོ་འོད་འཆང་ལྷ་མོ་ཡིན༔ དུར་ཁྲོད་བརྟུལ་ཞུགས་མཛད་པའི་ཡུམ༔ དཔལ་ལྡན་རྡོ་རྗེ་ཕག་མོ་ཡིན༔ དབང་བཞི་རྫོགས་པར་བསྐུར་བའི་ཡུམ༔ དགེ་སློང་ཀུན་དགའ་སྨོན་ལམ་ཡིན༔ བཀའ་ཡི་གཉེར་བྱང་གཏད་པའི་ཡུམ༔ མཁའ་འགྲོ་ལས་ཀྱི་དབང་མོ་ཡིན༔ བསྟན་པའི་སྲོག་ཤིང་བཙུགས་པའི་ཡུམ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡིན༔ བལྟམས་པའི་ཡུམ་བརྒྱད་ཀྱི་ལེའུ་སྟེ་གསུམ་པའོ༔
ཨེ་མ་ཧོ༔ བཞི་བ་སྤྲུལ་བའི་སྲས་བརྒྱད་བསྟན་པ་ནི༔ བོད་ཡུལ་དམ་ཆོས་ཆགས་པའི་སྲས༔ ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡིན༔ དམ་ཆོས་དར་རྒྱས་འབྱུང་བའི་སྲས༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན༔ དམ་ཆོས་མི་ནུབ་བསྟན་པའི་སྲས༔ རྒྱལ་སྲས་མུ་ཁྲི་བཙན་པོ་ཡིན༔ བསྟན་པ་ཚུལ་བཞིན་འཛིན་པའི་སྲས༔ འཁོར་འབངས་ཀླུ་ཡི་དབང་པོ་ཡིན༔ དྲག་པོ་ཞི་བར་བྱེད་པའི་སྲས༔ རྒྱ་གར་ཨ་ཙ་ནག་པོ་ཡིན༔ བསྟན་པ་འཕེལ་འགྲིབ་གསོ་བའི་སྲས༔ སྙིགས་མའི་སྐྱབས་མགོན་ཇོ་བོ་རྗེ༔ གདུལ་བྱ་གང་མོས་འདུལ་བའི་སྲས༔ ཏེ་ལོ་པྲ་ཛྙཱ་པ་ར་ཡིན༔ སྒོམ་ཆེན་བསྟན་པ་འཛིན་པའི་སྲས༔ ལྷ་རྗེ་ཙནྡྲ་གོ་མི་ཡིན༔ སྤྲུལ་བའི་སྲས་བརྒྱད་ཀྱི་ལེའུ་སྟེ་བཞི་བའོ༔
ཨེ་མ་ཧོ༔ ལྔ་བ་བྱོན་པའི་ཡུལ་བརྒྱད་བསྟན་པ་ནི༔ རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་ཡུལ་དུ་བྱོན༔ རྒྱལ་པོའི་སྲས་མཛད་ཟ་ཧོར་ཡུལ་དུ་བྱོན༔ བདུད་བཞི་བཅོམ་མཛད་མུ་སྟེགས་ཡུལ་དུ་བྱོན༔ རྫུ་འཕྲུལ་ལྡན་པས་ཡངས་བ་ཅན་དུ་བྱོན༔ ཐོས་བསམ་ལྡན་པས་ཁ་ཆེའི་ཡུལ་དུ་བྱོན༔ གཞན་དོན་མཛད་པས་ལི་ཡི་ཡུལ་དུ་བྱོན༔ རྩོད་མེད་ཡོངས་གྲགས་བལ་བོའི་ཡུལ་དུ་བྱོན༔ སྨོན་ལམ་སྟོབས་ཀྱིས་བོད་ཀྱི་ཡུལ་དུ་བྱོན༔ བྱོན་པའི་ཡུལ་བརྒྱད་ཀྱི་ལེའུ་སྟེ་ལྔ་པའོ༔
ཨེ་མ་ཧོ༔ དྲུག་པ་བཞུགས་པའི་གནས་བརྒྱད་བསྟན་པ་ནི༔ སྡེ་སྣོད་གསུམ་བཙུགས་མངྒ་དྷ་རུ་བཞུགས༔ འདུལ་ཁྲིམས་ལྡན་པའི་རྡོ་རྗེ་གདན་དུ་བཞུགས༔ སྙན་གྲགས་ཕྱོགས་བཅུར་དགའ་བའི་ཚལ་དུ་བཞུགས༔ ཕྱོགས་ལྷུང་མེད་པ་སོ་སོའི་གླིང་དུ་བཞུགས༔ བྱང་སེམས་འབྱོངས་པས་སིངྒ་ལ་རུ་བཞུགས༔ བདག་འཛིན་བློས་བཏང་ལྕང་ར་སྨུག་པོར་བཞུགས༔ ཁམས་གསུམ་དབང་བསྡུས་ཡང་ལེ་ཤོད་དུ་བཞུགས༔ རྒྱལ་པོས་གདན་དྲངས་བསམ་ཡས་དབུ་རྩེར་བཞུགས༔ བཞུགས་པའི་གནས་བརྒྱད་ཀྱི་ལེའུ་སྟེ་དྲུག་པའོ༔
ཨེ་མ་ཧོ༔ བདུན་པ་བསྟེན་པའི་བླ་མ་བརྒྱད་བསྟེན་པ་ནི༔ གུ་རུ་ཆེན་པོ་ཤྲཱི་སིང་ཧ་བསྟེན༔ རྫོགས་པ་ཆེན་པོའི་ཆོས་རྣམས་རྫོགས་པར་ཞུས༔ རྒྱ་གར་མཁན་པོ་པྲ་བྷ་ཧ་སྟི་བསྟེན༔ རབ་བྱུང་བསྒྲུབས་ནས་དགེ་སློང་ཆ་ལུགས་མཛད༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་བསྟེན༔ ཞི་ཁྲོ་བཀའ་བརྒྱད་ཆོས་རྣམས་རྫོགས་པར་ཞུས༔ རིགས་ལྡན་རྒྱལ་བ་པདྨ་དཀར་པོ་བསྟེན༔ དུས་ཀྱི་འཁོར་ལོའི་ཆོས་རྣམས་རྫོགས་པར་ཞུས༔ ཁ་ཆེའི་ཡུལ་དུ་བི་མ་མི་ཏྲ་བསྟེན༔ བདུད་རྩི་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔ སིངྒ་ལ་རུ་འཇམ་དཔལ་བཤེས་གཉེན་བསྟེན༔ འཇམ་དཔལ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔ ཟ་ཧོར་ཡུལ་དུ་ཀླུ་སྒྲུབ་སྙིང་པོ་བསྟེན༔ པདྨ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔ ནཱ་ལེནྡྲ་རུ་དྷ་ན་སྃ་ཏྲི་བསྟེན༔ མ་མོ་ཞི་ཁྲོའི་ཆོས་རྣམས་རྣམས་རྫོགས་པར་ཞུས༔ བླ་མ་བརྒྱད་བསྟེན་པའི་ལེའུ་བདུན་པའོ༔
ཨེ་མ་ཧོ༔ བརྒྱད་པ་ཡི་དམ་ལྷའི་ཞལ་གཟིགས་བསྟེན་པ་ནི༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས༔ བཀའ་རེ་ལ་ནི་གྲུབ་ཆེན་རེ་རེ་ཐོབ༔ འཇིགས་སུ་རུང་བའི་དུར་ཁྲོད་བརྒྱད་དུ་ནི༔ བསིལ་བའི་ཚལ་དུ་བདུད་རྩིའི་སྒྲུབ་པ་མཛད༔ བདུད་རྩིའི་ཡོན་ཏན་ལྷ་ཚོགས་ཞལ་གཟིགས་ཐོབ༔ ཧཱུྂ་ཆེན་བྲག་ཏུ་ཡང་དག་སྒྲུབ་པ་མཛད༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཞལ་གཟིགས་ཐོབ༔ འཇིགས་བྱེད་ཚལ་དུ་གཤིན་རྗེའི་སྒྲུབ་པ་མཛད༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཞལ་གཟིགས་ཐོབ༔ པདྨ་བརྩེགས་སུ་རྟ་མཆོག་སྒྲུབ་པ་མཛད༔ པདྨ་གསུང་གི་ལྷ་ཚོགས་ཞལ་གཟིགས་ཐོབ༔ རོལ་གླིང་ཚལ་དུ་ཕུར་བའི་སྒྲུབ་པ་མཛད༔ ཕུར་བ་འཕྲིན་ལས་ལྷ་ཚོགས་ཞལ་གཟིགས་ཐོབ༔ ལྷུན་འགྲུབ་བརྩེགས་པར་མ་མོའི་སྒྲུབ་པ་མཛད༔ མོ་མོ་རྦོད་གཏོང་ལྷ་ཚོགས་ཞལ་གཟིགས་ཐོབ༔ བདེ་ཆེན་བརྡལ་དུ་འཇིག་རྟེན་སྒྲུབ་པ་མཛད༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཞལ་གཟིགས་ཐོབ༔ ལོ་ཀ་བརྩེགས་སུ་དྲག་སྔགས་སྒྲུབ་པ་མཛད༔ དམོད་པ་དྲག་སྔགས་ལྷ་ཚོགས་ཞལ་གཟིགས་ཐོབ༔ དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད་པའི་ལེའུ་སྟེ་བརྒྱད་པའོ༔
ཨེ་མ་ཧོ༔ དགུ་བ་མཐར་ཕྱིན་པའི་སྒྲུབ་རྟགས་བརྒྱད་བསྟེན་པ་ནི༔ ཨོ་རྒྱན་རྒྱལ་པོས་མཐའ་ལ་སྤྱུགས་པའི་ཚེ༔ མཁའ་འགྲོ་དབང་དུ་བསྡུས་པའི་སྒྲུབ་རྟགས་བསྟན༔ རྒྱ་གར་རྒྱལ་པོས་གསལ་ཤིང་རྩེ་ལ་བསྐྱོན༔ ཡན་ལག་སྐྱོན་གྱིས་མ་གོས་སྒྲུབ་རྟགས་བསྟན༔ མུ་སྟེགས་རྒྱལ་པོས་ཆུ་ལ་བསྐུར་བའི་ཚེ༔ འབྱུང་བ་ཆུ་ཡིས་མ་ཁྱེར་སྒྲུབ་རྟགས་བསྟན༔ ཟ་ཧོར་རྒྱལ་པོས་གསོན་སྲེག་མཛད་པའི་ཚེ༔ འབྱུང་བ་མེ་ཡིས་མ་ཚིག་སྒྲུབ་རྟགས་བསྟན༔ བསམ་ཡས་རྒྱལ་པོའི་མཆོད་གནས་མཛད་པའི་ཚེ༔ སྡེ་བརྒྱད་དབང་དུ་བསྡུས་པའི་སྒྲུབ་རྟགས་བསྟན༔ མངའ་བདག་རྒྱལ་པོའི་ཕྱག་ལ་འགྱིངས་བའི་ཚེ༔ སྤྲུལ་བའི་མེ་ཡིས་རྒྱལ་བོའི་གོས་ཚིག་ནས༔ ང་ཆེ་ང་བཙན་གསུངས་པའི་སྒྲུབ་རྟགས་བསྟན༔ བདུད་བློན་རྣམས་ཀྱིས་དབྱེན་དབྱེན་ཧས་ཧས་བྱས༔ ཞ་ཞིང་རེངས་དང་གུམ་པའི་སྒྲུབ་རྟགས་བསྟན༔ ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ སྲིན་པོ་ཆོས་ལ་བཀོད་པའི་སྒྲུབ་རྟགས་བསྟན༔ སྒྲུབ་རྟགས་བརྒྱད་བསྟན་པའི་ལེའུ་སྟེ་དགུ་བའོ༔
ཨེ་མ་ཧོ༔ བཅུ་བ་ཆོས་བརྒྱུད་འཛིན་པའི་སློབ་མ་བརྒྱད་བསྟེན་པ་ནི༔ ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས༔ སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བ་འདེབས༔ ངན་ལམ་རྒྱལ་མཆོག་རྟ་སྐད་དབྱངས་སུ་ལེན༔ ཡེ་ཤེས་མཚོ་རྒྱལ་བསད་པའི་མི་རོ་སློང་༔ འབྲོག་མི་དཔལ་གྱི་མ་མོ་བྲན་དུ་ཁོལ༔ གླང་ཆེན་སེང་གེ་དྲེགས་པ་དབང་དུ་བསྡུས༔ བཻ་རོ་ཙ་ན་ཨོ་རྒྱན་དངོས་དང་མཉམ༔ མངའ་བདག་རྒྱལ་པོའི་སྤྲུལ་བ་འགྱེད་པར་ནུས༔ སློབ་མ་བརྒྱད་ཀྱིས་སྤྲུལ་བ་འགྱེད་པའི་ལེའུ་སྟེ་བཅུ་བའོ༔
ཨེ་མ་ཧོ༔ བཅུ་གཅིག་པ་ལུང་བསྟན་དབེན་པའི་གནས་བརྒྱད་བསྟན་པ་ནི༔ བསམ་ཡས་མཆིམས་ཕུ་ལྷོ་བྲག་མཁར་ཆུ་དང་༔ སྒྲགས་ཀྱི་ཡང་རྫོང་ཡར་ལུང་ཤེལ་གྱི་ཕུག༔ བྲག་དམར་གཡའ་མ་མོན་ཁ་ཤྲཱི་རུ་རྫོང་༔ སེངྒེ་རྫོང་དང་སྤ་གྲོ་སྟག་ཚང་ཕུག༔ དབེན་གནས་བརྒྱད་ཀྱི་ལེའུ་སྟེ་བཅུ་གཅིག་པའོ༔
ཨེ་མ་ཧོ༔ བཅུ་གཉིས་པ་ཐུགས་སུ་ཆུད་པའི་ཇོ་མོ་བརྒྱད་བསྟན་པ་ནི༔ རྒྱ་གར་ལྷ་ལྕམ་མདྡྷ་ར་བ་ཡིན༔ སྣོད་ལྡན་བུད་མེད་ཡེ་ཤེས་མཚོ་རྒྱལ་ཡིན༔ ཞབས་ཏོག་ཕུལ་ཕྱིན་ཅོག་རོ་བཟའ་སྒྲོན་ཡིན༔ དད་པ་ཕུལ་ཕྱིན་དམར་རྒྱན་བཟའ་མཚོ་ཡིན༔ མངོན་རྟོགས་ཕུལ་ཕྱིན་ཤེལ་དཀར་ཚེ་སྒྲོན་ཡིན༔ རྒྱལ་བོའི་སྲས་མོ་ལྷ་ལྕམ་མཆེད་བཞི་ཡིན༔ རྙེད་ནས་ཕུལ་ཕྱིན་ལྷ་ལྕམ་ཁྲོམ་རྒྱན་ཡིན༔ རྒྱལ་བོའི་ཐུགས་བརྩེས་ལྷ་ལྕམ་པདྨ་སྲས༔ བཙུན་མོའི་ཐུགས་བརྩེ་ནུས་སྦྱིན་ས་ལེ་ཡིན༔ ཇོ་མོ་བརྒྱད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ༔
ཨེ་མ་ཧོ༔ བཅུ་གསུམ་པ་མཛད་པའི་འཕྲིན་ལས་བརྒྱད་བསྟན་པ་ནི༔ འཁོར་བ་མ་ཆགས་རོལ་རྩེད་སྣ་ཚོགས་མཛད༔ སངས་རྒྱས་ཀུན་མཉམ་རྫུ་འཕྲུལ་སྣ་ཚོགས་མཛད༔ བརྟུལ་ཞུགས་སྤྱོད་པས་བམ་རོའི་སྒྲུབ་པ་མཛད༔ འགྲོ་ལ་ཆོས་སྟོན་ཕ་མ་ལྟ་བུར་མཛད༔ བདུད་དཔུང་བཅོམ་ནས་སངས་རྒྱས་བྱང་སེམས་མཛད༔ ཆོས་འཁོར་བསྐོར་ནས་བོད་ཡུལ་ཞབས་བཅགས་མཛད༔ བསྟན་པ་དར་རྒྱས་རིན་ཆེན་གཏེར་སྦས་མཛད༔ སྲིན་པོའི་ཁ་གནོན་འཛམ་གླིང་བདེ་ལ་བཀོད༔ མཛད་པའི་འཕྲིན་ལས་བརྒྱད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ༔
ཨེ་མ་ཧོ༔ བཅུ་བཞི་བ་སྦས་པའི་གཏེར་ཁ་བརྒྱད་བསྟན་པ་ནི༔ དུས་ཚིགས་དགོངས་ཏེ་དགོངས་གཏེར་སྦས༔ མཐོང་ཐོས་ངེས་སྐྱེས་གསང་གཏེར་སྦས༔ བརྡ་ཡིག་ཤོག་གསེར་ཟབ་གཏེར་སྦས༔ ངོ་མཚར་རྨད་བྱུང་ཡང་གཏེར་སྦས༔ དབུལ་ཕོངས་སྐྱོབ་ཕྱིར་ནོར་གཏེར་སྦས༔ སྣ་ཚོགས་འགྲོ་འདུལ་གཏེར་ཕྲན་སྦས༔ ཚུལ་གཅིག་མ་ངེས་གཏེར་གཉིས་སྦས༔ རིན་ཆེན་སྐྱོང་ཕྱིར་ཐུགས་གཏེར་སྦས༔ སྦས་པའི་གཏེར་ཁ་བརྒྱད་ཀྱི་ལེའུ་སྟེ་བཅུ་བཞི་པའོ༔
ཨེ་མ་ཧོ༔ བཅོ་ལྔ་བ་ཉམས་སུ་བླངས་པའི་ཆོས་བརྒྱད་བསྟན་པ་ནི༔ འདུས་པ་བཞི་དང་ཟུར་པ་བཞི༔ དང་པོ་འདུས་པ་བཞི་བོ་ནི༔ བླ་མ་བཀའ་བརྒྱད་འདུས་པ་དང་༔ ཡི་དམ་བཀའ་བརྒྱད་འདུས་པ་དང་༔ མཁའ་འགྲོ་བཀའ་བརྒྱད་འདུས་པ་དང་༔ ཆོས་སྐྱོང་བཀའ་བརྒྱད་འདུས་པ་བཞི༔ དེ་ནས་ཟུར་བ་བཞི་བོ་ནི༔ རྫོགས་པ་ཆེན་པོ་ཉི་མ་ཡོད༔ གསང་སྔགས་སྤྱོད་འཇུག་ལམ་རིམ་ཡོད༔ གུ་རུ་དྲག་པོའི་རིག་སྔགས་ཡོད༔ འཕགས་མ་ཁྲོས་མ་ནག་མོ་ཡོད༔ ཉམས་ལེན་ཟབ་ཆོས་བརྒྱད་ཀྱི་ལེའུ་སྟེ་བཅོ་ལྔ་པའོ༔
ཨེ་མ་ཧོ༔ བཅུ་དྲུག་ཆོས་བདག་གླིང་པ་བརྒྱད་རྣམས་བསྟན་པ་ནི༔ སེམས་དཔའ་ཆེན་པོ་བརྒྱད་ཀྱི་སྤྲུལ་པ་སྟེ༔ དབུས་ན་ཨོ་རྒྱན་གླིང་པ་ཡོད༔ ཤར་ན་རྡོ་རྗེ་གླིང་པ་ཡོད༔ ལྷོ་ན་རིན་ཆེན་གླིང་པ་ཡོད༔ ནུབ་ན་པདྨ་གླིང་པ་ཡོད༔ བྱང་ན་ཀརྨ་གླིང་པ་ཡོད༔ བསམ་གཏན་གླིང་དང་ཉི་ཟླ་གླིང་༔ ཞིག་པོ་གླིང་དང་གཏེར་བདག་གླིང་༔ གཏེར་སྟོན་ཆེན་པོ་གླིང་པ་བརྒྱད་བྱུང་ཞིང་༔ ཨོ་རྒྱན་ང་ཡི་སྤྲུལ་པ་ཡིན་པར་ངེས༔ ཆོས་བདག་གླིང་པ་བརྒྱད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ༔
ཨེ་མ་ཧོ༔ རྒྱལ་པོ་ཆེན་པོ་ལེགས་པར་ཉོན༔ བདག་འདྲ་པདྨ་འབྱུང་གནས་ངས༔ ཐུན་མོང་མངོན་པར་ཤེས་པ་ལྔ༔ མ་འོངས་མངོན་པར་ཞེས་པ་ལྔ༔ འདས་པའི་མངོན་པར་ཤེས་པ་ལྔ༔ ད་ལྟའི་མངོན་པར་ཤེས་པ་ལྔ༔ ཚད་མེད་མངོན་པར་ཤེས་པ་ལྔ༔ མངོན་ཤེས་ལྔ་བོ་ང་ཡིས་ཤེས༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་ང་༔ མཚོན་ཚུལ་ཙམ་ལ་སྐུ་གསུམ་སྣང་གྱུར་ཀྱང་༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང་༔ སྟུག་པོ་བཀོད་དུ་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ དེ་བཞིན་ང་ལ་གསོལ་བ་རྒྱུན་དུ་ཐོབས༔ རྒྱལ་པོའི་གདུང་རབས་བརྒྱ་དང་བཅུ་གསུམ་ནས༔ སེ་ཆེན་རྒྱལ་པོས་བོད་ལ་དམག་དྲངས་ནས༔ བོད་འབངས་ཐམས་ཅད་འཕུང་བའི་གཞི་རུ་འགྲོ༔ ང་ཡི་ལྷ་ཁང་རྣམས་ཀྱང་འཇིག་པར་བྱེད༔ དེ་དུས་ང་སྤྲུལ་ས་སྐྱ་ཞེས་སུ་གྲགས༔ སྟོད་ཀྱི་ཕྱོགས་ནས་ཡབ་མིང་འཇམ་དཔལ་དང་༔ ཡུམ་མིང་སྒྲོལ་མ་ཞེས་བྱའི་སྲས་སུ་འཁྲུངས༔ འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས༔ ང་ཡི་ལྷ་ཁང་རྣམས་ལ་ཞིག་གསོ་བྱེད༔ གསང་སྔགས་བསྟན་པ་དར་ཞིང་རྒྱས་པར་འགྱུར༔ བོད་འབངས་སེམས་ཅན་བདེ་ཞིང་སྐྱིད་པར་འབྱུང་༔ དེ་ནས་བོད་ཀྱི་རྒྱལ་པོས་ཧབ་ཐོབ་བྱེད༔ རེས་འགའ་ཆོས་རྒྱལ་རེས་འགའ་བདུད་རྒྱལ་རེ༔ ཆོས་རྒྱལ་དེ་ཡིས་ཆོས་ཁྲིམས་ཚུགས་པར་བྱེད༔ བདུད་རྒྱལ་དེ་ཡིས་ཆོས་ཁྲིམས་བཤིག་པར་བྱེད༔ དེ་དུས་མི་ལ་དར་རྒུད་སྣ་ཚོགས་འོང་༔ ཐུབ་པའི་ལུང་བསྟན་མདོ་ཁམས་སྒང་ཞིག་ཏུ༔ ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས༔ སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར༔ དེ་དུས་དཀར་ཕྱོགས་རྣམས་ནི་སྤོབས་པ་ཐོབ༔ མྱང་སྨད་ཉི་མ་མདོ་རུ་རྫོང་ཞིག་ཆགས༔ ལྷ་ས་དམར་པོ་རི་ལ་ལྷ་ཁང་འབྱུང་༔ ང་ཡི་སྤྲུལ་པ་ཨོ་རྒྱན་གླིང་པ་བྱོན༔ གཏེར་ཁ་ཉི་ཤུ་རྩ་ལྔ་དེ་དུས་འབྱེད༔ དེ་སྐད་གསུངས་པས་རྒྱལ་པོའི་སྤྱན་ཆབ་ཤོར༔ ཡང་ཅིག་ཕྱག་འཚལ་མཎྜལ་ཕུལ་ནས་སུ༔ འདྲེན་པའི་སྐྱེས་བུ་སློབ་དཔོན་ཆེན་པོ་ལགས༔ བདག་གི་གདུང་བརྒྱུད་འདི་ནས་ག་ཙམ་ཆགས༔ བོད་འབངས་སེམས་ཅན་བདེ་སྐྱིད་ག་ཙམ་གནས༔ མ་ཧཱ་གུ་རུ་ཆེན་པོས་གསུང་བར་ཞུ༔ ཞེས་ཞུས་ཕྱག་ནི་དབུ་ཐོད་བུད་བུད་འཚལ༔ དེ་ནས་གུ་རུ་ཆེན་པོས་བཀའ་སྩལ་བ༔ རྒྱལ་པོ་ཁྱོད་ཀྱི་རྒྱལ་རྒྱུད་འདི་ནས་བཟུང་༔ སྟོད་ཀྱི་ཕྱོགས་ནས་མེ་ལོང་ཧ་བཏབ་ཡལ༔ དེ་རྗེས་བོད་ཀྱི་རྒྱལ་པོ་རེས་མོས་བྱེད༔ ཁྱད་པར་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཞིག༔ མདོ་སྡེ་བསྐལ་བ་བཟང་པོའི་མཚན་ཅན་འབྱུང་༔ གདོང་སྨེ་ཅན་གྱིས་བོད་ཀྱི་རྒྱལ་ས་འཛིན༔ སྐྱིད་པའི་ཉི་མ་རྒྱ་མཐོངས་གྲིབ་མ་ཙམ༔ རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང་༔ ཆུ་ཕོ་སྤྲེལ་ལ་ཡར་ལུང་དམག་སྒར་འཆའ༔ མཐའ་ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག༔ ཕ་སྤུན་ནང་འཁྲུག་རྟ་སྒོ་སྒང་དུ་འཁྲུག༔ བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན༔ རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་འབྱོན༔ བལ་ཡུལ་རྒྱ་རྫོང་རྣམས་སུ་འཁྲུག་པར་བྱེད༔ བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར༔ སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར༔ དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན༔ དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད༔ པདྨ་བདག་ལ་གསོལ་བ་རྒྱུན་དུ་ཐོབས༔ ཉིན་མོ་བྱུང་དུས་ཐུགས་རྗེ་ཆེན་པོ་སྒོམས༔ སེམས་ཅན་དོན་དུ་སྙིང་པོ་མ་ཎི་དྲོངས༔ ཕ་མ་རིགས་དྲུག་དྲིན་ལན་ཁྱེར་ཏེ་ལ༌འོང་༔ མཚན་མོ་བྱུང་དུས་པད་འབྱུང་ང་ཉིད་སྒོམས༔ རང་གི་དོན་དུ་བཛྲ་གུ་རུ་དྲོངས༔ སྙིགས་མའི་སེམས་ཅན་ཐམས་ཅད་ང་ཡིས་སྐྱོབ༔ དུས་གསུམ་རྒྱུན་ཆད་མེད་པར་ང་ཡིས་གཟིགས༔ ངན་སོང་གསུམ་དུ་སྐྱེས་ཀྱང་བསླུ་རུ་འོང་༔ བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ༔ ང་ལ་རྒྱུན་དུ་གསོལ་བ་འདེབས་ནུས་ན༔ དུས་ངན་ཚེ་ལོ་བཅུ་བའི་ཟློག་ཐབས་ཡོད༔ བྱམས་པའི་སྤྲུལ་བ་ཁྲུ་བདུན་ཞེས་པ་འབྱུང་༔ བསྐལ་ངན་ཚེ་ལོ་བཅུ་བའི་སྡུག་བསྔལ་གྲོལ༔ ཡང་ཞིག་བསྐལ་བ་ཡར་འཕེལ་བདེ་བར་འགྱུར༔ སངས་རྒྱས་ཞལ་གཟིགས་ཡང་ཡང་འབྱུང་བར་འགྱུར༔ ནངས་རེ་དགོང་རེར་བོད་ཀྱི་དོན་ལ་འོང་༔ དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད༔ ང་ཡི་སྐུ་ལ་འདས་འཁྲུངས་ཡོད་མ་མཆིས༔ རྒྱལ་སྲས་མུ་ཁྲི་བཙན་པོ་ཞེས་བྱ་ཁྱོད༔ འདི་ནས་སྐྱེ་བ་བཅུ་བདུན་འགྲོ་དོན་མཛད༔ དེ་ནས་ཨོ་རྒྱན་མཁའ་འགྲོའི་གླིང་དུ་བྱོན༔ ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་ཁྱོད༔ པདྨ་ང་ཡི་དམ་ཆོས་ཟབ་མོ་འདི༔ དཔལ་གྱི་བསམ་ཡས་དབུ་རྩེར་གཏེར་དུ་སྦོས༔ མ་འོངས་ལས་འཕྲོ་ཅན་ལ་སྤྲོད་ཅིག་གསུངས༔ ང་ནི་མི་སྡོད་སྲིན་པོ་འདུལ་དུ་འགྲོ༔ སྲིན་པོ་ཐམས་ཅད་ཆོས་ལ་འཇུག་ཏུ་འགྲོ༔ བོད་འབངས་སེམས་ཅན་བདེ་ལ་བཀོད་ནས་འགྲོ༔ ཞེས་གསུངས་ནས་ཞལ་ལྷོ་ནུབ་ཏུ་གཟིགས་སོ༔ ས་མ་ཡ་རྒྱ་རྒྱ༔
གཏེར་སྟོན་ཨོ་རྒྱན་གླིང་པས་བསམ་ཡས་མཆིམས་ཕུ་ནས་གཏེར་ནས་སྤྱན་དྲངས་པའོ༔ གུ་རུ་པདྨའི་རྣམ་ཐར་གཏེར་འདི༔ སྐལ་ལྡན་ལས་འཕྲོ་ཅན་གྱི་སྙིང་ལ་ཆོངས༔ གསལ་དག་སྙན་གསུམ་ཚར་གཅིག་ཀློག་པ་ནི༔ བཀའ་ཐང་ཚར་གཅིག་ཀློག་དང་མཉམ་པར་འགྱུར༔ སྙིགས་མའི་སེམས་ཅན་ཚེ་ཐུང་ནད་མང་ལ༔ གཟའ་དང་ཀླུ་དང་རྒྱལ་པོའི་ནད་ཡམས་ཀྱིས༔ སྲོག་སོགས་བླངས་ཤིང་བར་དུ་གཅོད་པའི་དུས༔ གཡེང་བའི་དབང་སོང་ལྷ་ཡི་རྒྱབ་བརྟེན་ཡལ༔ རྣམ་ཐར་འདི་ལ་ཡི་དམ་བྱས་གྱུར་ན༔ བརྒྱ་ཚ་སྟོང་གི་བསྙེན་པ་འཁྱོལ་བ་ན༔ ནག་ཕྱོགས་ཕམ་ཞིང་དཀར་ཕྱོགས་རྒྱལ་བར་འགྱུར༔ གློ་བུར་གདོན་བགེགས་བར་ཆད་ཀུན་ཞི་ནས༔ ལུས་སྲོག་ལྕགས་ཀྱི་རྡོ་རྗེ་འགྲུབ་པ་དང་༔ ཚེ་འདིར་འགལ་རྐྱེན་བར་ཆད་ཞི་བ་དང་༔ ཕྱི་མ་པདྨ་འོད་དུ་སྐྱེ་བར་ཤོག༔
ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི། །རྣམ་ཐར་མདོར་བསྡུས་གསུང་གི་ཉིང་ཁུ་འདི། །བདག་གཞན་འགྲོ་བ་རྣམས་ལ་ཕན་ཕྱིར་དུ། །མོས་གུས་ལྡན་པས་པར་དུ་བསྒྲུབས་པའི་དགེ །སྐྱེས་ཆེན་ཞབས་བརྟན་རྒྱལ་ཁམས་བདེ་བའི་འཚོ། །ཕ་མའི་ཐོག་དྲངས་མར་གྱུར་སེམས་ཅན་ཀུན། །སྒྲིབས་སྦྱངས་ཚོགས་རྫོགས་བླ་མེད་མྱུར་ཐོབ་ནས། །ཞིང་མཆོག་པདྨ་འོད་དུ་སྐྱེ་བར་ཤོག །དགེ་ལེགས་འཕེལ། །