The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Sovereign of Confessions—Tibetan

English | བོད་ཡིག

༁ྂ།།༔ བཀའ་གསང་ཟབ་ཆོས་མཁའ་ཁྱབ་རང་གྲོལ་ལས༔ གླང་ཆེན་རབ་འབོག་གི་རྒྱུད་ལས་བྱུང་བའི་ཉམས་ཆག་མ་ལུས་བཤགས་པའི་རྒྱལ་པོ་བཞུགས༔

 

རང་ཞལ་དོན་དམ་བརྒྱུད་གསུམ་བླ་མ་སོགས༔
རྩ་གསུམ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ༔
ཆོས་རྣམས་ཀུན་གྱི་རྩ་བ་བསྡོམ་པ་གསུམ༔
གཅིག་ཏུ་བསྡོམས་ནས་བཤགས་པའི་རྒྱལ་པོ་བསྟན༔

ཨོཾ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔

ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང༌༔

ཐུགས་རྗེའི་ཉི་གསལ་འོད་བཞིན་སྙོམས་མཛད་པ༔

འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔

བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔

བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔

ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པའི་ལྷ༔

ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔

དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔

ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔

མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ༔

ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔

ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔

རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔

འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔

གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔

སེམས་ཀྱི་རང་བཞིན་ཆོས་ཉིད་ནམ་མཁའ་ཆེ༔

ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང༌༔

རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པས༔

མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔

ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ༔

ཕྱི་ནང་གསང་བའི་བཀོད་པའི་དཀྱིལ་འཁོར་ནི༔

སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔

བྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔

གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མའི༔

མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ལ༔

གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང༌༔

མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔

ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔

འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི༔

བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང༌༔

བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔

རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔

རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔

གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔

ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་རྣམས༔

མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔

ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ༔

ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔

དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔

ཐུགས་རྗེའི་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས༔

འགྲོ་བའི་དོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔

བླ་མེད་གོ་འཕང་འགྲོད་པར་བྱ་བའི་ཕྱིར༔

བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང༌༔

སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔

རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར༔

སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔

སྔ་ཕྱིར་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔

ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ཅིང་༔

དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༌༔

གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔

ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང༌༔

ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔

སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔

ཚོར་དང་མ་ཚོར་མ་རིག་དབང་གིས་ན༔

སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔

རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང༌༔

སྐད་ཅིག་ཙམ་ཡང་འཕྲད་པར་མི་བྱ་ཞེས༔

བཀའ་ལས་བྱུང་ཞིང་དེ་ལྟར་མ་ལྕོགས་ཏེ༔

གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང༌༔

མངོན་ཤེས་མེད་པས་སྐྱོན་ཅན་མ་རྟོགས་ཏེ༔

ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་བ་དང༌༔

ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང༌༔

ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔

ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི༔

ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔

ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔

རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔

བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང༌༔

གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དེ༔

མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང༌༔

གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔

དོན་དམ་དམིགས་མེད་སྤྲོས་ལས་འདས་པ་ལ༔

རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཅིང་༔

ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔

ནོངས་པ་མཆིས་ན་རབ་གནོང་བཟོད་པར་གསོལ༔

ཡིག་བརྒྱ་ཚང་བར་བརྗོད༔

 

ཉག་བླ་པདྨ་བདུད་འདུལ།

ཉག་བླ་པདྨ་བདུད་འདུལ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept