Parting from the Four Attachments—Tibetan
༄༅། །ནུབ་པ་རིག་འཛིན་གྲགས་ཀྱིས་མཛད་པའི་ཞེན་པ་བཞི་བྲལ་བཞུགས་སོ། །
ན་མོ་གུ་རུ། རྗེ་བཙུན་ཆེན་པོ་ས་སྐྱ་པའི་ཞལ་ནས། མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་མཆོག་དོན་དུ་གཉེར་བར་འདོད་པ་རྣམས་ཀྱིས་ཞེན་པ་བཞི་དང་བྲལ་དགོས་ཏེ། འདི་ལ་ཞེན་པ་བཞི་ནི། ཚེ་འདི་ལ་ཞེན་པ། ཁམས་གསུམ་འཁོར་བ་ལ་ཞེན་པ། བདག་གི་དོན་ལ་ཞེན་པ། དངོས་པོ་དང་མཚན་མ་ལ་ཞེན་པའོ། །དེའི་གཉེན་པོའང་བཞི་སྟེ། ཞེན་པ་དང་པོའི་གཉེན་པོར་འཆི་བ་མི་རྟག་པར་བསྒོམ་པ། གཉིས་པའི་གཉེན་པོར་འཁོར་བའི་ཉེས་དམིགས་དྲན་པ། གསུམ་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་དྲན་པ། བཞི་པའི་གཉེན་པོར་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་བདག་མེད་པར་དྲན་པའོ། །དེ་ལྟར་དྲན་ཞིང་གོམས་པར་བྱས་པའི་འབྲས་བུ་བཞི་འབྱུང་སྟེ། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། དེ་ལྟར་ཤེས་ཤིང་གོམས་པའི་འབྲས་བུ་འཁྲུལ་བ་ཡེ་ཤེས་ཕུན་སུམ་ཚོགས་པའི་སངས་རྒྱས་འབྱུང་ངོ༌། །དེ་ལ་དང་པོ་ཚེ་འདི་ལ་ཞེན་པའི་གཉེན་པོ་འཆི་བ་མི་རྟག་པ་དྲན་པ་ནི། ནམ་འཆི་ཆ་མེད་པར་བསམ། འཆི་རྐྱེན་མང་བར་བསམ། འཆི་བ་ལ་ཅིས་ཀྱང་མི་ཕན་པར་རྒྱས་པར་བསམ་མོ། །དེ་ལྟར་བསམ་པ་གཅིག་སྐྱེས་ནས་སྙིང་ནས་ཆོས་གཅིག་བྱེད་འདོད་འོང་སྟེ། དེ་དུས་ན་ཆོས་སུ་འགྲོ་བ་ཡིན་ནོ། །དེ་ནས་ཁམས་གསུམ་འཁོར་བ་ལ་ཞེན་པའི་གཉེན་པོར་འཁོར་བའི་ཉེས་དམིགས་དྲན་པ་ནི། དེ་ལྟར་ཚེ་འདི་ལ་ཉེས་པ་དེ་ལྟར་འདུག་ཀྱང༌། གཞན་འཁོར་ལོས་བསྒྱུར་བ་དང༌། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ཀུན་བདེ་བ་མཆོག་ཡིན་ནམ་སྙམ་ན། མ་ཡིན་ཏེ། དེ་རྣམས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་སྟེ། དེ་རྣམས་ཀྱི་ཚེ་དང་ལོངས་སྤྱོད་བསྐལ་པ་དུ་མར་གནས་ཤིང་རྒྱས་ཀྱང་མཐར་འཆི་ཞིང་འཇིག་སྟེ། མནར་མེད་པའི་སེམས་ཅན་དམྱལ་བར་སྐྱེ་བའི་ཉེན་ཡོད་པས་ན། དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་སྙམ་དུ་བསམ་ཞིང་གོམས་པ་ན་ཆོས་ལམ་དུ་འགྲོ་བ་གཅིག་ཡོད་དེ། ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་འདུག་པས། མྱ་ངན་ལས་འདས་པའི་བདེ་བ་ཅིག་རང་དགོས་སྙམ་པའི་བློ་སྐྱེ་ཞིང༌། ལམ་ཐམས་ཅད་དེའི་དོན་དུ་བསྒྲུབ་པ་གཅིག་འོང་ངོ༌། །དེ་ལྟར་རྒྱུད་ལ་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པས་བདག་གཅིག་བུ་བདེ་བ་དོན་དུ་གཉེར་ན། དགྲ་བཅོམ་པའམ། རང་སངས་རྒྱས་སུ་འགྱུར་བས་ན་བདག་གི་དོན་ལ་ཞེན་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་དྲན་པ་ནི། དེ་ལྟར་ཁམས་གསུམ་སྡུག་བསྔལ་གྱི་རང་བཞིན་འདི་ལས་བདག་གཅིག་པུ་གྲོལ་བས་མི་ཕན་ཏེ། སེམས་ཅན་འདི་རྣམས་རེ་རེ་ནས་བདག་གི་ཕ་དང་མ་མ་བྱས་པ་མེད་པས་འདི་རྣམས་ཀྱིས་མྱ་ངན་ལས་འདས་པའི་བདེ་བའི་མཆོག་ཐོབ་ན། བདག་བསྐལ་པ་ནས་བསྐལ་པའི་བར་དུ་དམྱལ་བའི་སེམས་ཅན་དུ་སྐྱེས་ཀྱང་སླའི་སྙམ་པའི་བློ་གོམས་ཤིང་སྐྱེས་ཙམ་ན། ལམ་གྱི་འཁྲུལ་བ་དང་པོ་བདག་གི་དོན་ལ་ཞེན་པ་སེལ་བ་ཡིན་ནོ། །དེ་ལྟར་སྐྱེས་ཤིང་གོམས་ཀྱང་བདེན་འཛིན་དང་བཅས་པར་གྱུར་ན་ཐམས་ཅད་མཁྱེན་པ་མི་ཐོབ་པས་དངོས་པོ་དང་མཚན་མར་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་བདག་མེད་པར་དྲན་དགོས་ཏེ། དེ་ཡང་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་པའི་རང་བཞིན་ཡིན་པ་ལ་བདེན་འཛིན་བྱུང་ན་བདག་ལྟ་ཡིན་ལ། སྟོང་པར་ཞེན་པ་ཆད་ལྟ་ཡིན་ལ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱའོ། །དེ་ཡང་བདག་གི་རྨི་ལམ་དང་སྣང་བ་བསྲེས་ཤིང་སྒོམས་པས་སྣང་བ་ཡང་མི་བདེན། མི་བདེན་བཞིན་དུ་སྣང་བ་ཡིན་སྙམ་དུ་ཡང་ཡང་དྲན་ཞིང་བསྒོམ་པ་ན། ལམ་གྱི་འཁྲུལ་པ་གཉིས་པ་དངོས་པོ་དང་མཚན་མར་ཞེན་པ་སེལ་བ་ཡིན་ནོ། །དེ་ལྟར་འཁྲུལ་པ་ཐམས་ཅད་བསལ་ཞིང་མཐར་ཕྱིན་པ་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཞེས་བྱ་བ་འབྲས་བུ་རྫོགས་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདེ་བའི་མཆོག་འབྱུང་བར་འགྱུར་རོ། །
ཞེས་པ་རྣལ་འབྱོར་གྱི་དབང་ཕྱུག་གྲགས་པ་རྒྱལ་མཚན་གྱི་གསུང་ཞེན་པ་བཞི་བྲལ་གྱི་གདམས་པ་ཨྠིྀ།། །།