Prayer to the Great Trulshik—Tibetan
༄༅། །འཁྲུལ་ཞིག་ཆེན་པོའི་འཁྲུངས་རབས་གསོལ་འདེབས།
ཨོཾ་ཨཱཿཧཱུྃ།
ལྕང་ལོ་ཅན་དུ་མཐུ་སྟོབས་གསང་བའི་བདག །
སྟོན་པའི་དུས་སུ་ཉེ་གནས་ཀུན་དགའ་བོ། །
སྲོང་བཙན་དུས་སུ་ཆོས་བློན་སྒར་སྟོང་བཙན། །
ཨོ་རྒྱན་དུས་སུ་བཻ་རོ་ཙཱ་ན་དང་། །
སྡིག་རྒྱལ་འདུལ་ཕྱིར་ལྷ་ལུང་དཔལ་རྡོ་རྗེ། །
མི་ལའི་དུས་སུ་རས་ཆུང་རྡོ་རྗེ་གྲགས། །
གསང་བདག་བཀའ་བབས་ལས་ཀྱི་རྡོ་རྗེའི་ཞབས། །
ལྷོ་བྲག་མཁར་ཆུར་མེ་ལོང་རྡོ་རྗེ་དང་། །
དབེན་གནས་ཞྭ་དེའུར་འཁྲུལ་ཞིག་ཀུན་བསོད་སོགས། །
གཅིག་བསྡུས་འཁོར་ལོའི་མགོན་པོ་བྱ་བཏངས་པ། །
ཀུན་བཟང་མཐོང་གྲོལ་རྡོ་རྗེར་གསོལ་བ་འདེབས། །