Commentary on Terdak Lingpa’s Testament—Tibetan
༄༅། །འདས་ཆེམས་ཚིག་རྐང་བཞི་པའི་བསྡུས་འགྲེལ་ཟབ་དོན་གསལ་བྱེད་ཞེས་བྱ་བ་ཞུགས་སོ། །
འོད་གསལ་མི་ཤིགས་གཉུག་མའི་དབྱིངས། །ཇི་བཞིན་སྟོན་མཛད་བླ་མ་ལ། །བཏུད་དེ་ཟབ་གསང་གདམས་པའི་བཅུད། །ཉུང་ངུའི་བརྗོད་པས་འདིར་གསལ་བྱ། །འདིར་རྗེ་བཙུན་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གཏེར་བདག་གླིང་པ་ཞེས་མཚན་ཡོངས་སུ་གྲགས་པའི་སྐྱབས་མཆོག་གང་གིས་རང་རེ་རྗེས་འཇུག་རྣམས་ལ་གདམས་པའི་ཡང་ཞུན་ཞལ་ཆེམས་གཏད་རྒྱའི་ཚུལ་གྱིས་སྩལ་བའི་ཚིག་རྐང་བཞི་པོ་འདིའི་དོན་ཆ་ཙམ་དབྱེ་བ་ལ་གསུམ། གཞི་གཉུག་མའི་གནས་ཚུལ། ལམ་ཉམས་སུ་ལེན་ཚུལ། འབྲས་བུ་ཆོས་སྐུར་སྨིན་ཚུལ་བཤད་པའོ། །དང་པོ་ནི། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས། །ཞེས་གསུངས་ཏེ། དེ་ཡང་རྒྱལ་བས་བསྟན་པའི་ཟབ་རྒྱས་ཀྱི་ཆོས་འཁོར་ཇི་སྙེད་པའི་རྣམ་པར་བཞག་པ་ཀུན་གྱི་བརྗོད་བྱའི་གནད་གསང་མཐར་ཐུག་པ་ནི་རྒྱུ་རྡོ་རྗེའི་ངོ་བོ་རྒྱལ་བའི་སྐུ་དང་ཡེ་ཤེས་རྣམ་དག་གི་བསྒྲུབ་གཞི་གཉུག་མ་མྱུར་གྱི་མི་ཤིགས་པའི་རྡོ་རྗེ་དྭངས་མའི་རླུང་སེམས་རང་བཞིན་གྱིས་དག་པ་འོད་གསལ་བའི་ཡེ་ཤེས་འགྲོ་བ་ཀུན་གྱི་རྒྱུད་ལ་ཡེ་ནས་ལྷན་སྐྱེས་སུ་གནས་པ་དེའོ། །དེ་ནི་སྣང་གྲགས་ཡུལ་རིག་གསུམ་གྱིས་བསྡུས་པའི་བྱེ་བྲག་སྣ་ཚོགས་པའི་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ཐམས་ཅད་སྟོང་ཉིད་ཀྱི་ངོ་བོར་བསྟན་པ་བཞིན་ཆོས་ཅན་ཇི་སྙེད་པའི་ཆོས་ཀུན་ཤིན་ཏུ་ཕྲ་བའི་རླུང་སེམས་དག་པ་ལྷ་སྔགས་ཆོས་སྐུའི་ངང་ངོ་བོ་གཤིས་སུ་གནས་པའོ། །རྒྱུ་མཚན་དེས་ཡེ་ཤེས་དེ་ལ་སྒྲིབ་སྐྱོན་གློ་བུར་བའི་དྲི་མས་བསླད་ཞུགས་པ་ནའང་སྣང་ཚུལ་རླུང་ཤེས་ཐ་དད་པའི་ཚུལ་གྱིས་འོད་ཟེར་ལྔ་པོ་བེམ་ཆོས་ལྟར་སྣང་མོད། དོན་ལ་དྭངས་མའི་རླུང་སེམས་གཉིས་པོ་འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ལྟར་གཉུག་སེམས་ཀྱི་དེ་ཁོ་ན་ཉིད་དུ་དབྱེར་མི་ཕྱེད་ཅིང་དེའི་རོལ་པ་ཅིར་ཡང་འབྱམས་སུ་ཀླས་པས་གནས་སོ། །གཉིས་པ་ནི། ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །ཞེས་གསུངས་ཏེ། ལམ་འདིའི་རིགས་ཅན་གྱི་གདུལ་བྱས་འོད་གསལ་དེ་མངོན་དུ་བྱ་བའི་ཕྱིར་རྒྱུད་སྡེ་འོག་མ་གསུམ་ལ་ལམ་གྱི་གཙོ་བོར་གྲགས་པའི་འབྲས་དུས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་རྣམ་པ་མཐུན་ཙམ་དང་། སྟོང་ཉིད་དང་རླུང་གི་རྣལ་འབྱོར་ཕྲ་མོ་བསྒོམ་ཙམ་གྱི་རིམ་གཉིས་ཀྱི་ལམ་ལ་བསླབ་པས་མི་ཆོག་པར་ཟབ་གསང་སྔགས་བླ་མེད་རྣལ་འབྱོར་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ནས་བསྐྱེད་རྫོགས་སོ་སོའི་ལམ་རིམ་དང་མཚམས་པར་མ་ནོར་དབང་བསྐུར་བའི་ལམ་བསྒོམ་པའི་སྣོད་རུང་དུ་བྱ་བ་སྔོན་དུ་འགྲོ་བས་སྦྱང་གཞི་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་མཐུན་པར་སྦྱོང་བྱེད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཕྲ་རགས་ཐམས་ཅད་ལམ་གོང་མའི་རྟོགས་པ་ཕུལ་དུ་བྱུང་རྣམས་སྐྱེ་བའི་མཐུ་ཅན་དུ་བསྒོམ་པ་བཅོས་མ་བསྐྱེད་རིམ་གྱི་རྣལ་འབྱོར་དང་། རང་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་དམིགས་ནས་ལས་རླུང་གི་རྒྱུ་བ་དྷུ་ཏིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པའི་ལག་རྗེས་བདེ་སྟོང་གི་ཡེ་ཤེས་དང་། དེ་ལས་བྱུང་བའི་ལྷ་སྐུ་གཉིས་འདྲེན་པའི་ཕྱིར་ཐུན་མོངས་མ་ཡིན་པའི་དབེན་གསུམ་གྱི་རྣལ་འབྱོར་ཁྱར་པར་ཅན་བསྒོམ་པ་ནི་མ་བཅོས་པ་རྫོགས་པའི་རྣལ་འབྱོར་ཏེ་རིམ་གཉིས་མཚན་ཉིད་པའི་ཉམས་ལེན་ལ་འབད་པར་བྱའོ། །གསུམ་པ་ནི། དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །དེ་ལྟར་རིམ་གཉིས་ཀྱི་མྱུར་ལམ་ཟབ་མོས་ཡུལ་ན་སེམས་རགས་པ་ལམ་བྱེད་ཙམ་ལ་མ་ལྟོས་པར་རང་གནས་གཉུག་མའི་ཡེ་ཤེས་ཤིན་ཏུ་ཕྲ་བ་འཕོ་མེད་སེམས་ཀྱི་རྡོ་རྗེ་ཉིད་རང་རྒྱུད་ལ་གོམས་པ་ཆེས་ཆེར་བརྟན་པ་ལས། འོད་གསལ་དེ་ལ་གེགས་བྱེད་ཀྱི་སྒྲིབ་སྐྱོན་གློ་བུར་པའི་ཚོགས་རྣམས་རིམ་གྱིས་འགག་པ་དང་། མཐར་སྒྲིབ་པའི་མཐར་ཐུག་སྣང་གསུམ་འཕོ་བའི་བག་ཆགས་དེའང་སླར་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་དངོས་གཉེན་མཚན་ཉིད་པར་གྱུར་ནས། ཤེས་བྱ་ཐམས་ཅད་སྐུ་དང་ཡེ་ཤེས་དབྱེར་མེད་པ་རྒྱལ་བའི་ཐུགས་དེ་ཁོ་ན་ཉིད་ཀྱི་འོད་གསལ་གཉུག་མ་མི་ཤིགས་པའི་ཐེག་ལེར་ཆེན་པོའི་ངོ་བོར་རོ་གཅིག་ཏུ་གྱུར་པ་སྟེ། དེས་ནི་འབྲས་བུའི་ས་ན་དག་པའི་འཁོར་དང་ཞིང་ཁམས་འདོད་ཡོན་མཆོད་སྤྲིན་གྱི་རྣམ་རོལ་མཐའ་ཡས་པའི་ཚོགས་མ་ལུས་པར་ཡེ་ཤེས་ཉིད་རང་སྣང་བ་དང་། འཁོར་ཡུག་གི་ལྗོན་ཤིང་རེའི་ཡལ་འདབ་ཕྲ་མོ་ཡན་ཆད་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པའི་ཚུལ་སོགས་ཀྱང་འཇོག་ནུས་སོ། །ཤོག་ཅེས་པ་ནི་བསླུ་མེད་བདེན་པའི་གསུང་གིས་སྨོན་པའི་ཐ་ཚིག་དང་བཅས་ཏེ་གདམས་པའི་དོན་ནོ། །ཅེས་པའང་འགྱུར་མེད་རྡོ་རྗེས་བྲིས་པའོ། །ཞེས་སོ། །སྨྲས་པ། དཔག་དཀའི་རྒྱུད་དོན་རྒྱ་མཚོའི་འཇིངས། །ཆ་ཙམ་བརྗོད་པའི་བུམ་ནང་དུ། །ཆུད་དུ་རེ་བའི་ངལ་བ་འདིས། །བྱིས་པའི་བློ་ཅན་ཁོ་བོས་བྱས། །ཅེས་པ་འདིའང་སྡོམ་བརྩོན་སངས་རྒྱས་བསྟན་འཛིན་དང་ཚེ་རིང་དཔལ་ལྡན་ཟུང་གིས་བསྐུལ་བའི་ངོར་རྗེ་བཙུན་བླ་མ་དམ་པ་ལས་བཀའ་ཡི་གནང་བ་ཐོབ་པར་བྱས་ཏེ་མཁྱེན་བརྩེའི་ནོར་བུར་ལོབ་པའི་བཙུན་གཟུགས་བ་ལང་ལ་འགྲན་བཟོད་པའི་རྨོངས་བརྟུལ་གྱི་ན་བ་དེས་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྒྱ་མཚོས་སོ། །ཡང་སྨྲས་པ། རང་ལུགས་བདེན་གཉིས་དབྱེར་མེད་ཟབ་པའི་གཞུང་། །སྣང་སྲིད་ཡེ་སངས་རྒྱས་པའི་ཆོ་འཕྲུལ་ལ། །རིགས་པའི་འཕྲུལ་གྱིས་གསར་མའི་རྒྱུད་གཞུང་དང་། །སྦྱར་བའི་ལེགས་བཤད་རྒྱན་འདི་ཡང་། །ལྔ་རིག་མཁས་རྣམས་ཚོགས་པའི་མདུན་སར་འབུལ། །རྗེ་བླ་མའི་གསུང་ངོ་།། དགེའོ།།