The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

River of the Amṛta of Love—Tibetan

English | བོད་ཡིག

༄༅། །ཚེ་ཐར་སྲོག་བླུ་གཏོང་ཐབས་ཀྱི་ཆོ་ག་བརྩེ་ཆེན་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །

 

སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

འདིར་ཚེ་མཐར་སྲོག་བླུ་བྱེད་པར་འདོད་པས་ཐོག་མར་སྐྱབས་སུ་འགྲོ་བ་ནི།

བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །

ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །

ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །

ལན་གསུམ།

གཉིས་པ་སེམས་བསྐྱེད་པ་ནི།

ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །

བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །

བྱང་ཆུབ་སེམས་དཔའི་བསླབ་པ་ལ། །

དེ་དག་རིམ་བཞིན་གནས་པ་ལྟར། །

དེ་བཞིན་འགྲོ་ལ་ཕན་དོན་དུ། །

བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །

དེ་བཞིན་དུ་ནི་བསླབ་པ་ལའང༌། །

རིམ་པ་བཞིན་དུ་བསླབ་པར་བགྱི། །

ལན་གསུམ།

དེང་དུས་བདག་ཚེ་འབྲས་བུ་ཡོད། །

མི་ཡི་སྲིད་པ་ལེགས་པར་ཐོབ། །

དེ་རིང་སངས་རྒྱས་རིགས་སུ་སྐྱེས། །

སངས་རྒྱས་སྲས་སུ་ད་གྱུར་ཏོ། །

ད་ནི་བདག་གིས་ཅི་ནས་ཀྱང་། །

རིགས་དང་མཐུན་པའི་ལས་བརྩམས་ཏེ། །

སྐྱོན་མེད་བཙུན་པའི་རིགས་འདི་ལ། །

རྙོག་པར་མི་འགྱུར་དེ་ལྟར་བྱ། །

ལོང་བས་ཕྱག་དར་ཕུང་པོ་ལས། །

ཇི་ལྟར་རིན་ཆེན་རྙེད་པ་ལྟར། །

དེ་བཞིན་ཇི་ཞིག་ལྟར་སྟེས་ནས། །

བྱང་ཆུབ་སེམས་འདི་བདག་ལ་སྐྱེས། །

བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །

སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །

བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །

ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །

དེ་ནས་དངོས་གཞིའི་རིམ་པ་ནི།

ཀྱཻ། མ་རིག་གཏི་མུག་དབང་གྱུར་བས། །

འཁོར་བ་དུད་འགྲོའི་མངོན་རྟོགས་ཤར། །

དེ་བཟློག་ཆོས་དབྱིངས་ཡེ་ཤེས་ཀྱི། །

དཀྱིལ་འཁོར་མངོན་དུ་འགྱུར་བའི་ཐབས། །

རྟེན་འབྲེལ་ཆོ་ག་དོན་དམ་གྱི། །

ཕྱག་རྒྱས་བཏབ་འདིར་བསླུ་བ་མེད། །

ཅེས་བརྗོད་ཅིང་། འགྲོ་བ་རྣམས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམས་ལ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །

ལན་གསུམ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །

ལན་གསུམ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །

ལན་གསུམ།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །

ལན་གསུམ།

གཞན་ཡང་འོད་དཔག་མེད་ཀྱི་སྙིང་པོ་དང་།

ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷ་ཧཱུྃ་ཧྲཱིཿ

སྤྱན་རས་གཟིགས་ཀྱི་སྙིང་པོ།

ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ

ཞེས་སོགས་ཅི་རིགས་དང་། རྟེན་འབྲེལ་ཟབ་མོའི་དོན་སྟོན་པའི།

ན་མོ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །

དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །

རྒྱུ་ལ་འགོག་པ་གང་ཡིན་པ། །

དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །

སྡིག་པ་ཅི་ཡང་མི་བྱ་ཞིང་། །

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །

རང་གི་སེམས་ནི་ཡོངས་སུ་འདུལ། །

འདི་ནི་སངས་རྒྱས་བསྟན་པ་ཡིན། །

ཞེས་སོགས་ཚིགས་སུ་བཅད་པའང་བརྗོད། དེ་རྗེས།

ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རྭ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ།

ལན་གསུམ་བརྗོད་ལ།

སེམས་ཅན་འདི་རྣམས་སྲོག་གི་འཇིགས་པ་ཐམས་ཅད་ལས་རྒྱལ་ཏེ་སྐྱེ་བ་ཀུན་ཏུ་ཚེ་ཡི་དངོས་གྲུབ་ཐོབ་པར་བསམ། དམ་རྫས་སོགས་ཁར་བླུད།

ཨོཾ་སྭ་བྷཱ་ཝ་ཤུ་དྡྷཱཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ་ཧཾ།

སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དམིགས་བྱའི་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྣམ་དག་བདེ་བ་ཆེན་པོའི་རང་བཞིན་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར།

ཨོཾ་ཨཱཿཧཱུྃ།

ལན་གསུམ་དང་། ནམ་མཁའ་མཛོད་སྔགས་ཀྱིས་བྱིན་གྱིས་བརླབས།

ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏ་ཁཾ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

ཀྱེ། ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །

སངས་རྒྱས་ཆོས་དང་དགེ་འདུན་དང་། །

བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །

ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ། །

མཆོད་པ་དམ་པ་འབུལ་བ་ནི། །

སྲོག་དབུགས་རྣམས་ཤེས་ལྡན་པ་ཡི། །

སེམས་ཅན་འདི་ནི་ཚེ་བདུད་ལས། །

ཐར་ཏེ་འཇིགས་མེད་དབུགས་དབྱུང་ཐོབ། །

འདི་ཡི་ཕུང་ཁམས་སྐྱེ་མཆེད་རྣམས། །

རང་བཞིན་རྣམ་དག་མཆོད་པའི་སྤྲིན། །

ནམ་མཁའ་ཁྱབ་པར་སྤྲོ་བྱེད་ཅིང་། །

འདོད་ཡོན་ཀུན་ལྡན་བདེ་བ་ཆེ། །

འཆི་མེད་ཆེ་མཆོག་སྒྲུབ་པའི་རྫས། །

མི་མཐའ་མེད་པར་ཡོངས་ཤར་བས། །

ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་། །

དགྱེས་རབ་མཆོག་དང་ལྡན་གྱུར་ཅིག །

བདག་དང་སེམས་ཅན་ཐམས་ཅད་ཀུན། །

དུས་མིན་འཆི་བའི་སྐེག་ལས་ཐར། །

ཤིན་ཏུ་ཡུན་རིང་འཚོ་གྱུར་ཞིང་། །

ཕུང་ཁམས་ཉམས་པ་སོར་ཆུད་ཅིང་། །

བརྟན་གཡོའི་དྭངས་བཅུད་གསོས་སུ་སྨིན། །

ཚེ་དཔལ་བཀྲག་མདངས་གཟི་བརྗིད་རྒྱས། །

ནད་མེད་ཆོས་འབྱོར་འཕེལ་བར་ཤོག །

དགེ་འདིས་མཁའ་མཉམ་འགྲོ་བ་ཀུན། །

སྐྱེ་འཆི་ལས་འདས་རྡོ་རྗེའི་སྐུ། །

མགོན་པོ་ཚེ་དཔག་མེད་པ་ཡི། །

གོ་འཕང་དམ་པ་ཐོབ་པར་ཤོག །

ཅེས་བརྗོད་ལ་བླ་མ་སོགས་ཀྱི་ཞབས་བརྟན་ཡིན་ན།

འདི་ལྟར་བསྒྲུབས་པའི་ལེགས་བྱས་རྟེན་འབྲེལ་གྱིས། །

དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །

རྨད་བྱུང་འཕྲིན་ལས་ཕྱོགས་བཅུར་རབ་ཏུ་ཁྱབ། །

ཐུགས་ཀྱི་བཞེད་དོན་ཡོངས་སུ་འགྲུབ་པར་ཤོག །

སྨོན་ལམ་གདབ་པ་ནི།

ཧོ། འཁོར་བ་དམན་པའི་སྒོ་གསུམ་བོར། །

ཐར་པའི་ས་བོན་ལེགས་བཏབ་མཐུས། །

རྒྱལ་བསྟན་དར་ཞིང་སེམས་ཅན་བདེ། །

ངན་སོང་སྡུག་བསྔལ་ཡོངས་སེལ་ནས། །

ཐར་པ་དང་ནི་རྣམ་མཁྱེན་མཆོག །

མྱུར་དུ་ཐོགས་མེད་མངོན་པར་ཤོག །

མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །

བདེ་བ་ཅན་དུ་རྫུས་ཏེ་སྐྱེ་བར་ཤོག །

སྐྱེས་མ་ཐག་ཏུ་ས་བཅུ་རབ་བགྲོད་ནས། །

སྤྲུལ་པས་ཕྱོགས་བཅུར་གཞན་དོན་བྱེད་པར་ཤོག །

སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །

ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །

བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །

དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །

གཞན་གནོད་བཞི་བཅས་སྤོང་ལ་གོམས་པའི་མཐུས། །

རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་། །

བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བར། །

ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །

ཅེས་སོགས་བརྗོད་ཅིང་མཐའ་རྒྱས་སུ་བྱའོ། །

 

ཞེས་པ་འདི་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཚེ་ཐར་གཏོང་བའི་ཆོ་ག་ཚེ་རིང་འདོད་དགུའི་དཔལ་སྟེར་དང་། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དུད་འགྲོའི་རིགས་ལ་ཐར་པའི་ས་བོན་འདེབས་པའི་ཆོ་ག་བདེ་ཆེན་ཐེམ་སྐས་སོགས་བདེན་ཚིག་གྲུབ་པའི་གསུང་རྣམས་དཀྱུས་གཅིག་ཏུ་བཀོད། དུད་འགྲོའི་རིགས་ལ་བྱེ་བྲག་ཏུ་བསྔགས་པའི་ཕན་ཡོན་ཅན་གྱི་མཚན་དང་གཟུངས་སྔགས་འགའ་ཞིག་གིས་ཟུར་བརྒྱན་ཏེ། རང་ཚིག་གི་བསྲེ་བསླད་མེད་པར་ཚེ་ཐར་སྲོག་བླུའི་ཕན་ཡོན་སྲོག་ཆགས་དགའ་བའི་ཚལ་གྱི་ལྷན་ཐབས་ཀྱི་ཚུལ་དུ་བསྟན་འཛིན་རྒྱ་མཚོས་སྦྱར་བ་དགེ།། །།

རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ།

Avalokiteśvara

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept