The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Sun, Moon, Planet and Stars Instruction—Tibetan

English | བོད་ཡིག

༄༅། ཁྲིད་ཡིག་ཉི་ཟླ་གཟའ་སྐར་བཞུགས་པ་ལགས་སོ། །

རིན་ཆེན་ཤོག་འདྲའི་སྐོར། །

ཨཱོཾ་ཨཱཿཧཱུྃ། པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་ཕྱག་འཚལ་ལོ། །ལས་དང་སྐལ་བར་ལྡན་པ་ཞིག །སྣང་བྱེད་འོད་ཀྱི་ལུས་སྒྲུབ་ན། །དེ་ཡི་ཁྲིད་ཀྱི་རིམ་པ་ནི། །ཉི་ཟླ་གཟའ་སྐར་ལུགས་སུ་གདབ། །འདིར་མཁའ་འགྲོ་སྙིང་ཏིག་གི་མན་ངག་གི་ཁྲིད་ཚར་བ་དང་གྲོལ་བ་དུས་མཚུངས་པར་འདོད་ན། དཔོན་སློབ་ཀུན་འཇིག་རྟེན་གྱི་བྱ་བ་སྙིང་ནས་ཐོངས་པས། རབ་ཏུ་དབེན་པའི་ནགས་ཁྲོད་དམ། རྒྱ་མཚོ་ཆུ་གླིང་ངམ། དུར་ཁྲོད་དམ། མི་མེད་པའི་ལུང་སྟོང་ཆེན་པོར་ཕྱིན་ལ། ལྟོ་གོས་ཀྱི་ཞེན་པ་བཅད། རྡོའི་བཅུད་ལེན་དང༌། གཏུམ་མོའི་ལག་ཁྲིད་བསླབས་ལ། བླ་མས་སློབ་བུ་ལ། ཕྱི་ནམ་ཟླ་དུས་བཞི། ནང་འབྱུང་བཞིའི་འགྱུར་ལྡོག །གསང་བ་སྐད་ཅིག་ཐངས་གཅིག་ཡུད་ཙམ་འགྱུར་བས་ཀྱང་རང་གི་ཚེ་མི་རྟག་པར་འཆི་ངེས་པའི་སྐྱོ་ཤས་དྲག་པོ་ཟླ་བ་གཅིག་ཏུ་བསྒོམ་དུ་བཅུག་ནས། མི་ནས་བཟུང་སྟེ་འགྲོ་དྲུག་གི་སྡུག་བསྔལ་དང་འཁོར་བའི་ཉེས་དམིགས་སེམས་པ་ལ་ཟླ་བ་གཅིག་བློ་སྦྱོང་ངོ༌། །དེ་ནས་འཁོར་བའི་རྒྱུ་མི་དགེ་བར་ཤེས་པས་འདོར་ཞིང་བཤགས་པ་དང༌། མྱ་ངན་ལས་འདས་པའི་རྒྱུ་དགེ་བར་ཤེས་པས་འདོར་ལེན་ལ་ཟླ་བ་གཅིག་སྦྱོང་ངོ༌། །དེ་ནས་དལ་འབྱོར་རྙེད་དཀའ་བསམ་སྟེ། སྒྲིབ་པ་སྦྱོང་པའི་མཆོག་ཡི་གེ་བརྒྱ་པའི་སྒོམ་བཟླས་ལ་ཟླ་བ་གཅིག་སྦྱོང་ངོ༌། །དེ་ནས་ཚོགས་བསགས་པའི་ཡན་ལག་ཕྱི་ནང་གསང་བའི་མཎྜལ་ཟླ་བ་གཅིག་སྦྱོང་ངོ༌། །དེ་ནས་བྱིན་རླབས་འཇུག་པའི་གཙོ་བོ་པདྨ་ཐོད་ཕྲེང་གི་ཐུགས་སྒྲུབ་ལ་ཟླ་བ་གཅིག་སྦྱོང་ངོ༌། །དེ་ནས་དབང་དང་གདམས་པ་གཉིས་ཆུན་གཅིག་གིས་རྫོགས་པར་བྱེད་དེ། ཐོག་མར་མཁའ་འགྲོའི་དབང་བསྐུར་ནས། དེའི་སྒྲུབ་པ་ལ་ཟླ་བ་གསུམ་སྦྱོང་ངོ༌། །དེ་ནས་སྤྲོས་བཅས་བུམ་དབང་བསྐུར་ནས། རིགས་ལྔའི་ཕྱི་ནང་གི་སྒྲུབ་པ་ལ་ཟླ་བ་དྲུག་སྦྱོང་ངོ༌། །དེ་ནས་ལུས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ཞག་ཉི་ཤུ་དང༌། རྡོ་རྗེ་སྐྱིལ་ཀྲུང་ཞག་བཅུར་སྦྱང་ངོ༌། །དེ་ནས་སྤྲོས་མེད་གསང་དབང་བསྐུར་ལ། ངག་རུ་ཤན་འབྱེད་པའི་སྤྱོད་པ་ཞག་ཉི་ཤུ་བྱས་ལ། ཕྱི་སྣང་བ་ལ་རྒྱས་གདབ། ནང་ཕུང་པོ་ལ་རྒྱས་གདབ། རྩལ་སྦྱང་གཉིས། མཉེན་བཙལ་ལམ་གཞུག་དང་བཅས་པ་རྣམས་ལ། ཞག་ཉི་ཤུ་ཉི་ཤུ་བྱས་ནས། ནང་གི་སྔོན་འགྲོ་ཡི་གེ་གསུམ་གྱི་བཟླས་པ་ཟླ་བ་གཅིག་དང་ཞག་བཅུ་བྱས་ལ། གཏུམ་མོ་ཟླ་བ་གཅིག་དང༌། རླུང་ཟླ་བ་གསུམ་བསྒོམ་མོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་རྟེན་ཅན་ནམ། རྟེན་མེད་དུ་བསྐུར་ལ་ཡུམ་མཁའ་ངོ་སྤྲོད་ནས། སེམས་རུ་ཤན་འབྱེད་པའི་སྤྱོད་པ་ལ་ཞག་ཉི་ཤུ། བྱུང་གནས་འགྲོ་གསུམ་ལ་ཞག་དགུར་བརྟགས་ལ། རྣལ་འབེབས་ཞག་གསུམ་དང༌། སོར་འཇུག་ཞག་གསུམ་གྱིས་ཞི་གནས་ངོ་སྤྲད་ལ། མ་ནིང་གི་རླུང་ཟླ་བ་གཅིག་བསྒོམས་ལ། རྡོ་རྗེ་ཆུ་འཐུང་དང༌། ཆུ་འདྲེན་ཟླ་བ་གཉིས་སྦྱངས་ཏེ། རང་ལུས་སམ་གཞན་ལུས་ལ་བརྟེན་ནས་ཟླ་བ་གསུམ་དང་ཞག་བཅུར་བདེ་སྟོང་ལ་བསླབ་བོ། །དེ་ནས་ཚིག་དབང་བླ་མའི་དབང་བསྐུར་ལ། །དང་པོར་རྟོག་པ་རྩད་བཅད་པ་ལ་ཞག་གསུམ་བར་དུ་སེམས་ཀྱི་མཚང་བཙལ་བ་ལ་ཞག་གསུམ། ཐ་མ་བྱུང་གནས་འགྲོ་གསུམ་ལ་ཞག་གསུམ་གྱི་རྗེས་ལ། ལྷག་མཐོང་གི་ཡེ་ཤེས་ཁྲེག་ཆོད་ངོ་སྤྲད་དེ། བོགས་འབྱིན་དང་རྩལ་སྦྱོང་ལ་ལུས་ངག་ཡིད་གསུམ་དྲིལ་བའི་སྤྱོད་པ་ཞག་ཉི་ཤུ་རྩ་གཅིག་བྱའོ། །དེ་ནས་སྒོ་གསུམ་གྱི་བྱ་བ་བཏང་བ་ལ་ཞག་གསུམ། བཞུགས་སྟངས་གསུམ་ལ་ཞག་གསུམ་སོང་ནས། རྩལ་དབང་བསྐུར་ཏེ་མངོན་སུམ་ངོ་སྤྲད་ནས། ཉིན་དུས་འོད་གསལ་གྱི་སྣང་བ་དང༌། མཚན་དུས་བདེ་སྟོང་གི་འོད་གསལ་ཉི་ཟླ་ཁ་སྦྱོར་ཟླ་བ་དྲུག་བསྒོམས་པས། ཉམས་གོང་དུ་འཕེལ་ཏེ། ཟླ་བ་བཅུ་གཅིག་བསྒོམས་པས་རིག་པ་ཚད་ལ་ཕེབས་སོ། །དེ་ནས་ཟླ་བ་བཅུ་གསུམ་ན་ཆོས་ཉིད་ཟད་པའི་སྣང་བ་མཐོང་སྟེ་ཀ་དག་གི་གྲོལ་གཞི་ལ་བཙན་ས་ལོ་ཕྱེད་ནས་ཟིན་ཏེ་འོད་ལུས་སུ་ཡལ་ཏེ་འཚང་རྒྱའོ། །དེ་ཡང་ཆོས་ཉིད་མངོན་སུམ་གྱི་དུས་ན་བདེ་སྟོང་འོད་གསལ་དུ་ནུབ་པར་བྱེད་དོ། །ཉམས་གོང་འཕེལ་གྱི་དུས་ན་འོད་གསལ་འཛིན་མེད་དུ་ནུབ་པར་བྱེད་དོ། །རིག་པ་ཚད་ཕེབས་ཀྱི་དུས་ན་འཛིན་མེད་ཀྱི་ཤེས་པའང་མཐའ་གྲོལ་དུ་ནུབ་པར་བྱེད་དོ། །ཆོས་ཉིད་ཟད་པའི་དུས་ན་མཐའ་གྲོལ་གདོད་མའི་ཀ་དག་གི་སར་ནུབ་པར་བྱེད་དོ། །གདོད་མའི་ཀ་དག་བུམ་པའི་སྐུར་ནང་གསལ་དུ་གནས་པས། དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་ལྷུན་གྱིས་གྲུབ་བོ། །དེ་ལྟར་མདོར་དྲིལ་བས་ཟླ་བ་བདུན་ཅུ་རྩ་གཉིས་ཏེ། ལོ་དྲུག་ན་ཟག་པ་དང་བཅས་པའི་ཕུང་པོ་མི་སྣང་བར་གདོད་མའི་ས་ལ་འཚང་རྒྱ་བར་ངེས་པའོ། །དེ་ལྟར་རབ་གསལ་བླ་མེད་སྙིང་པོའི་དོན། །ཉི་ཟླ་གཟའ་སྐར་འཆར་ནུབ་ཚུལ་བཞིན་དུ། །འོད་གསལ་ཁ་སྦྱོར་རིན་ཆེན་སྙིང་པོའི་ཁྲིད། །ཤིང་མོ་ཡོས་ལོ་དཔྱིད་འབྲིང་ནག་པས་ཉ། །གཟའ་ཚེས་འཛོམ་པར་དཔལ་གྱི་མཆིམས་ཕུ་དེར། །པད་མ་ལས་འབྲེལ་རྩལ་ལ་དགོངས་གཏེར་བབས། །ཡང་ཅིག་དེ་ཡི་སྔ་ལོ་སྟོན་འབྲིང་ལ། །པདྨ་དཀར་པོར་བཀའ་སྲུང་སྲོག་སྒྲུབ་མས། །དགོངས་གཏེར་དཔེ་རྣམས་དངོས་སུ་གཏད་པ་རྨིས། །དེ་ནས་བཟུང་སྟེ་གཏེར་སྲུང་མཁའ་འགྲོ་རྣམས། །ལུས་དང་གྲིབ་མ་ཇི་བཞིན་ཡོད་པར་མངོན། །འདིར་ནི་གངས་རི་ཐོད་དཀར་ཨོ་རྒྱན་རྫོང༌། །དབེན་ཞིང་ཉམས་དགའ་རིག་པ་འཛིན་པའི་གནས། །སྟོན་གསུམ་མེ་ཏོག་འབྲས་བུ་སྨིན་པའི་ཚེ། །ཉི་ཟླ་གཟའ་སྐར་གསང་བའི་ཁྲིད་ཡིག་འདི། །ཤོག་འདྲའི་ངོས་ལ་ཕྱི་རབས་དོན་དུ་བཀོད། །དགེ་བ་དེ་ཡིས་སྲིད་པའི་འགྲོ་བ་ཀུན། །ཚེ་འདིར་འབྲས་བུ་འོད་གསལ་ལུས་འགྲུབ་ནས། །སྤངས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཏེ། །འཕོ་བ་ཆེན་པོས་གཞན་དོན་འགྲུབ་པར་ཤོག །མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཉི་ཟླ་གཟའ་སྐར་ལུགས་སུ་གདབ་པ་ཞེས་བྱ་བ་པདྨ་ལས་འབྲེལ་རྩལ་གྱིས་གངས་རི་ཐོད་དཀར་དུ་བཀོད་པ་རྫོགས་སོ།། །།

ཀློང་ཆེན་རབ་འབྱམས།

ཀློང་ཆེན་རབ་འབྱམས།

Further information:

Download this text:

EPUB  PDF 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept