Precious Instructions on Common Preliminaries—Tibetan
༄༅། །ཐུན་མོང་གི་སྔོན་འགྲོ་རིན་པོ་ཆེའི་པྲ་ཁྲིད་བཞུགས་སོ། །
བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་ཅན། །མཛད་པའི་ཕྲིན་ལས་སྐྱེ་དགུ་ཀུན་གྱི་དཔལ། །དགོངས་པ་བརྡ་དང་བསྙན་བརྒྱུད་རིན་ཆེན་ལ། །དད་བརྒྱའི་འདབ་སྟོང་གཡོ་བས་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་བཀའ་གསང་རྒྱ་ཆེ་ལས། །ཀུན་གྱི་རྩེ་མོ་གསང་བ་བླ་ན་མེད། །དེ་ཡི་ངེས་དོན་ཟངས་ཀྱི་ཡེ་གེ་ལས། །སེམས་སྦྱོང་དོན་ཁྲིད་སྙིང་པོའི་ཡང་ཞུན་བྲི། །འདིར་ཐེག་པ་ཀུན་གྱི་མཐར་ཐུག །གསང་བ་བླ་ན་མེད་པའི་སྐོར་ལས། ཐུན་མོང་གི་སྔོན་འགྲོར་ངེས་པའི་དང་པོ་བླ་མའི་རྣལ་འབྱོར་ལ་སེམས་སྦྱོང་བ་ནི། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས། རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དར་དང་རིན་པོ་ཆེས་བརྒྱན་པའི་སྤྱི་བོར་པདྨ་དང་ཉི་ཟླའི་སྟེང་དུ། རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་རྣམས་དབྱེར་མེད་དུ་བཞུགས་པའི་མཐའ་སྐོར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཡིད་དམ་མཁའ་འགྲོའི་སྤྲིན་ཕུང་དང་བཅས་པ་ནམ་མཁའ་གང་བར་བསམས་ལ། ཡིད་ཀྱིས་ཕྱག་འཚལ་དང་མཆོད་པ་བྱས་པས། སྐུའི་ཆ་ཤས་ནས་བདུད་རྩིའི་རྒྱུན་བབས། །རང་གི་ལུས་ཀྱི་ཕྱི་ནང་ཁྱབ། །སྒྲིབ་པ་དག་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ། །གདངས་སྙན་པོས་སྐྱབས་འགྲོ་ཅི་ནུས་བྱས་པའི་མཐར། སྣང་སྲིད་བླ་མའི་ཞིང་ཁམས་སུ་གསལ་བཏབ་ནས་བསྔོ་བ་བྱའོ། །དེས་ནི་བྱིན་རླབས་དངོས་སུ་འབྱུང་བའི་དགོས་པ་ཡོད་དོ། །དེ་ནས་མཎྜལ་ལ་སེམས་སྦྱོང་བ་ནི། མདུན་གྱི་ནམ་མཁར་བླ་མ་ཡི་དམ་མཁའ་འགྲོའི་སྤྲིན་ཕུང་བསམས་ལ། མཎྜལ་ཚོམ་བུ་བཀོད་དེ། ཕྱི་རི་རབ་གླིང་བཞིའི་འཇིག་རྟེན་གྱི་ཞིང་ཁམས་དག་པ་ན་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་འབྱོར་བ། ནང་འོག་མིན་གྱི་དཀྱིལ་འཁོར་དག་པ་ན་མཆོད་པའི་སྤྲིན་གྱིས་སྤྲས་པ། གསང་བ་རང་བྱུང་གི་ཡེ་ཤེས་དག་པ་ན་དགོངས་ཀློང་ཏིང་འཛིན་གྱི་རོལ་པས་བརྒྱན་པར་དམིགས་ཏེ། ཕྱི་ནང་གསང་གསུམ་གྱི་མཎྜལ་ཆེན་པོའམ། གླིང་བཞི་རྒྱན་འགྱུར་ལ་སོགས་པ་འབུལ་ལོ། །དེས་ནི་ཚོགས་གཉིས་ཁྱད་པར་ཅན་རྫོགས་ནས་ཡོན་ཏན་རླབས་པོ་ཆེ་འགྲུབ་པའི་དགོས་པ་ཡོད་དོ། །དེ་ནས་དལ་འབྱོར་རྙེད་དཀའ་བ་ལ་སེམས་སྦྱོང་བ་ནི། འདི་ལྟར་སེམས་ཅན་ཙམ་གྱི་ཁམས་ལ་བསམ་ནས། རང་གིས་དལ་བ་བརྒྱད། འབྱོར་པ་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པ་ནི་དབུལ་པོས་ནོར་བུ་རྙེད་པ་བས་ཀྱང་ངོ་མཚར་ཆེ་བར་བལྟས་ཏེ། སྙིང་ནས་ཆོས་ལ་འབད་དགོས་སྙམ་དུ་བསམ་མོ། །དེས་ནི་སྤྲོ་བ་སྐྱེས་ནས་ཆོས་ཀྱི་སྣོད་དུ་རུང་བའི་དགོས་པ་ཡོད་དོ། །དེ་ནས་མི་རྟག་པ་ལ་སེམས་སྦྱོང་བ་ནི། ཕྱི་དུས་བཞིའི་འགྱུར་བ་སྣ་ཚོགས་ལོ་ཟླ་ཚེས་གྲངས་སྐད་ཅིག་ཐང་ཅིག་མི་རྟག་པས་ཀྱང་འཆི་བར་ངེས་ལ། ནང་ཕུང་པོའི་འགྱུར་བ་རྒས་གཞོན་དང་ལང་ཚོ་ཡོལ་བས་ཀྱང་ཤ་རུས་དང་སྐྲ་སེན་བྲལ་ཞིང་འཆི་བར་ངེས་པ། གསང་བ་འབྱུང་བཞི་སྡུད་པ་འཆི་ཁའི་སྣང་བ་དང་བར་དོ་བསམས་ཏེ་འཆི་བར་ངེས་པ་ལ་བསམ་པའོ། །དེས་ནི་སྐྱོ་ཤས་དྲག་པོས་ཆོས་ལ་བསྐུལ་བའི་དགོས་པ་ཡོད་དོ། །དེ་ནས་འཁོར་བ་བདེ་སྡུག་ལ་བསམ་ཏེ་རྒྱུ་འབྲས་བླང་དོར་ལ་སེམས་སྦྱོང་བ་ནི། དམྱལ་བའི་ཚ་གྲངས། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླེན་ལྐུག །མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཆི་འཕོ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་སྔོན་མི་དགེ་བ་བཅུ་བྱས་པ་ལས་བྱུང་བས་སྤང་དགོས། མཐོ་རིས་དང་ཐར་པའི་བདེ་བ་ཐམས་ཅད་དགེ་བ་བཅུ་ལ་སོགས་པ་སྤྱད་པ་ལས་བྱུང་བས་བླང་དགོས་སྙམ་དུ་བསམ་པའོ། །དེས་ནི་དགེ་སྡིག་བླང་དོར་དུ་ཤེས་པའི་དགོས་པ་ཡོད་དོ། །དེ་ནས་དད་པ་ལ་སེམས་སྦྱོང་བ་ནི། དཀོན་མཆོག་གསུམ་དང་གོང་མ་རྣམས་ཀྱི་ཡོན་ཏན་ལ་མོས་པས་དད་པ་དང༌། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་ཤེས་པས་དག་སྣང་ཁྱད་པར་དུ་བསྒོམ་པའོ། །དེས་ནི་སྣོད་ལས་སུ་རུང་བའི་དགོས་པ་ཡོད་དོ། །དེ་ནས་སྙིང་རྗེ་ལ་སེམས་སྦྱོང་བ་ནི། སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ཕ་མ་དྲིན་ཅན་ཡིན་པ་ལ། འཁོར་བ་ན་འཁྱམས་ཤིང་ད་དུང་ཐར་མི་ཤེས་ཆོས་ཀྱི་སྣང་བ་དང་བྲལ་བ་འདི་སྙིང་རེ་རྗེ། བདག་གི་བདེ་བས་འདི་དག་བདེ་བར་གྱུར་ལ། འདི་དག་གི་སྡུག་བསྔལ་བདག་ལ་སྨིན་ཞིང༌། བདག་གི་དགེ་བས་འདི་དག་འཁོར་བ་ལས་མྱུར་དུ་ཐར་པར་ཤོག་ཅིག །སྙམ་པ་སེམས་ཅན་གཅིག་ནས་ཀུན་གྱི་བར་བསྒོམ་པའོ། །དེས་ནི་ཐེག་ཆེན་གྱི་ལམ་དུ་འགྱུར་བའི་དགོས་པ་ཡོད་དོ། །དེ་ནས་རྨི་ལམ་སྒྱུ་མ་ལ་སེམས་སྦྱོང་བ་ནི། འདི་ལྟར་ཡུལ་དུ་སྣང་བའི་ཆོས་ཐམས་ཅད་མདང་གི་རྨི་ལམ་དང་འདྲ་བ་མེད་པ་གསལ་སྣང་ཙམ་སྟེ། ཇི་ལྟར་སྣང་བའི་དུས་ན་བདེན་པར་མ་གྲུབ་ལ། ལུས་ངག་སེམས་སུ་སྣང་བའི་ཆོས་ཀྱང་མེད་ཅིང་སྣང་བ་སྒྱུ་མ་སྟོང་པའི་རང་བཞིན་ཏེ། ཕྱི་ནང་གི་ཡུལ་སེམས་ཐམས་ཅད་བདེན་སྟོང་རྨི་ལམ་སྒྱུ་མར་བསྒོམ་པའོ། །དེས་ནི་ཆོས་དང་གང་ཟག་གི་བདག་མེད་གཉིས་རྟོགས་པའི་དགོས་པ་ཡོད་དོ། །དེ་ནས་མི་རྟོག་པའི་ཐབས་ཁྱད་པར་ཅན་ལ་སེམས་སྦྱོང་བ་ལ་གཉིས་ལས། རླུང་གི་པྲ་ཁྲིད་ནི། ལུས་ཆོས་བདུན་ལས། མཇིང་པ་ཅུང་ཟད་དགྱེད་དེ། རྩ་གསུམ་གྱི་མར་སྣ་ལྟེ་འོག་ནས་དབུ་མར་གུག་པ། ཡར་སྣ་མཛོད་སྤུ་ལས་རོ་རྐྱང་དཀར་དམར་གཉིས་སྣ་བུག་གཡས་གཡོན་གྱི་ནང༌། དབུ་མ་ཚངས་བུག་ལ་ཟུག་པའི། སྣ་བུག་ནས་རླུང་དུ་བ་ལྟར་ཕྱིར་སོང་ཇེ་རིང་ལས། ནང་དུ་འོང་དུས་བརྟན་གཡོ་ཐམས་ཅད་ནམ་མཁའ་གཅིག་ཏུ་གྱུར་པ་ཚུར་རྔུབས་རོ་རྐྱང་དབུ་མར་གྱུར་པ་ལ་སེམས་ལ་རླུང་ཡང་དལ་བུས་བཟུང་བར་བྱའོ། དེས་ནི་གསལ་སྟོང་མི་རྟོག་པའི་ཡེ་ཤེས་འཆར་བའི་དགོས་པ་ཡོད་དོ། །དེ་ནས་ཐིག་ལེའི་པྲ་ཁྲིད་ནི། ལྟེ་བའི་རྩ་ནང་ན་ཨ་ཐུང་ལས་མེ་འབར་བས། སྤྱི་བོའི་ཧཾ་ཞུ། དངས་མ་དཀར་དམར་གྱི་རྒྱུན་བབས་པས། རྩ་གསུམ་འཁོར་ལོ་བཞི་དང་ལུས་ནང་ཀུན་རིམ་གྱིས་གང༌། བདེ་ཕྲི་ལི་ལི་བ་ལས་སྙིང་ག་ན་བཾ་སྲན་མ་ཙམ་ལ་སེམས་བཟུང་ནས་ཡུན་རིང་དུ་བསྒོམས་པའི་མཐར། ཇེ་ཆུང་ཇེ་ཕྲ་ལས་ཅིར་ཡང་བལྟར་མེད་པའི་ངང་དེར་གློད་ལ་བསྒོམ་པའོ། །དེས་ནི་བདེ་སྟོང་མི་རྟོག་པའི་འོད་གསལ་འཆར་བའི་དགོས་པ་ཡོད་དོ། །དེ་ལྟར་མཆོག་གསང་རྫོགས་པ་ཆེན་པོའི་གནས། །ཡི་གེ་གྲངས་མང་དག་ལས་འཐོར་བ་རྣམས། །འདིར་གཅིག་བསྡུས་ཏེ་ཐུན་མོང་སྔོན་འགྲོར་བཀོད། །དགེ་བས་འགྲོ་ཀུན་མངོན་པར་བྱང་ཆུབ་ཤོག །ཐུན་མོང་གི་སྔོན་འགྲོ་རིན་པོ་ཆེའི་པྲ་ཁྲིད་ཅེས་བྱ་བ། ཐེག་པ་རྒྱལ་པོའི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་གྱིས་གངས་རི་ཐོད་དཀར་གྱི་མགུལ། འོད་ཟེར་སྤྲིན་གྱི་ནགས་ནང༌། ཀུན་ཏུ་བཟང་པོའི་ཁང་བཟངས། ཟླ་བ་ཆུ་ཤེལ་གྱིས་འཚེར་བར་བཀོད་པ་རྫོགས་སོ།། །།དགེའོ། ། དགེའོ། །དགེའོ།། །།