Synopsis of the Fully Fledged Garuḍa—Tibetan
༄༅། །ཁྱུང་ཆེན་གཤོག་རྫོགས་ཀྱི་བསྡུས་དོན་བཞུགས་སོ། །
དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདིར་གསང་བ་བླ་ན་མེད་པའི་དོན། ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལས། ཁྲེགས་ཆོད་སྒོམ་མེད་དོན་གྱི་གནད་འགག་ཐམས་ཅད་ཅིག་ཏུ་བསྡུས་པ། ཁྱུང་ཆེན་གཤོག་རྫོགས་འདི་ལ་དོན་གསུམ་སྟེ། མན་ངག་ལ་འཇུག་པ་རྒྱུའི་དོན་གྱི་ངོ་བོ་མདོར་བསྟན། མན་ངག་དངོས་ཀྱི་དོན་གྱིས་རང་བཞིན་རྒྱས་པར་བཤད། མན་ངག་རྫོགས་པ་མཇུག་གི་དོན་གྱིས་དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མཚན་གྱི་རྣམ་གྲངས་ཁྱུང་ཆེན་བཀོད་པས་དོན་གྱི་ངོ་བོ་མདོར་བསྟན། བསྡུས་པ་ཆོས་ཉིད་དང་རྒྱས་གྲོལ་ཀློང་པའི་ཕྱག་གིས་གཞི་མེད་གནས་ལུགས་རྒྱས་པར་བཤད། གདོད་ནས་བརྩམ་པར་དམ་བཅའ་བས་དོན་བསྡུ་པའོ། །སྤྱི་དོན་གཉིས་པ་དངོས་ཀྱི་དོན་ལ་གསུམ་སྟེ། གཤིས་རྫོགས་པ་ཆེན་པོ་སྒོམ་མེད་ཆོས་ཟད་བློ་འདས་སུ་ཐག་བཅད་པ། དགོངས་པ་མཐའ་གྲོལ་ཀློང་ཡངས་སུ་འགགས་བསྡམ་པ། ཐམས་ཅད་ཆོས་སྐུ་ཕྱམ་ཕྱམ་དུ་ལ་བཟླ་བའོ། །དང་པོ་ལ་གསུམ་སྟེ། རིམ་དགུ་བློའི་ཐེག་པས་གནས་ལུགས་མ་རྟོགས་པ་སྤྱིར་བསྟན། བསྐྱེད་རྫོགས་བློའི་སྒོམ་པས་གནས་ལུགས་དོན་གྱི་སྙིང་པོ་མ་རྟོགས་པ་བྱེ་བྲག་ཏུ་བཤད། རྒྱུ་འབྲས་བློའི་ཐེག་པས་གནས་ལུགས་མ་རྟོགས་ཤིང་སླར་འཁོར་བའི་དོན་བསྡུ་པའོ། །དང་པོ་ལ་གསུམ་སྟེ། བརྗོད་བྲལ་གནས་ལུགས་རིག་པའི་ངོ་བོ་བཅོས་བསླད་མེད་པར་བསྟན་པ། དེ་ལ་རྨོངས་པ་བཅོས་པས་འཆིང་བ་བསྟན་པ། གང་ལ་རང་བབས་བཅོས་བསླད་མེད་པས་རྩོལ་བྲལ་ཆེན་པོར་ཐག་བཅད་པའོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། བློ་བྱས་རྟོག་པའི་ཕྲེང་བས་གནས་ལུགས་ཀྱི་དོན་མི་རྟོགས་པ་བསྐྱེད་རིམ་པ་སྤྱིར་དགག་པ་དང༌། ཐབས་ཤེས་དམིགས་མྱོང་གི་འཆིང་བས་གནས་ལུགས་ཀྱི་དོན་མི་རྟོགས་པར་བསྟན་པ་རྫོགས་རིམ་པ་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་གསུམ་སྟེ། ཡོད་ཉིད་བཅོས་མའི་བསྐྱེད་རིམ་གྱིས་ཐར་པ་མི་ཐོབ་པ། བློས་སྒོམ་གཞི་མེད་འཆིང་བྱེད་ཀྱི་གཟེབ་ཏུ་བསྟན་པ། བསམ་བྲལ་བློ་བྲལ་གནས་ལུགས་དགོངས་པར་ཐག་གཅད་པའོ། །གསུམ་པ་རྫོགས་རིམ་པ་བྱེ་བྲག་ཏུ་དགག་པ་ལ། བདེ་རྩ་དང་གསལ་སེམས་གསལ་མི་རྟོག་ལུས་བཅོས་པ་ཐབས་དང་བཅས་པས་གནས་ལུགས་ཀྱི་དོན་མ་རྟོགས་པ་སྤྱིར་བསྟན་པ། དེ་གསུམ་བདེ་གསལ་ཁམས་གསུམ་སོ་སོའི་ཁམས་ལས་མ་འདས་པ་བྱེ་བྲག་ཏུ་བཤད་པ། འོན་ཏེ་དེའི་ལན་དགག་པར་བསྟན་པའོ། །གསུམ་པ་རྒྱུ་འབྲས་པས་མ་རྟོགས་པའི་དོན་བསྡུ་བ་ལ་དྲུག་སྟེ། གང་ལ་གཤིས་རྒྱུ་འབྲས་ལས་འདས་པ་ནམ་མཁའ་ལྟར་བསྟན་པ། ཡུལ་གྱི་རྒྱུ་འབྲས་བྱ་བཙལ་གྱིས་འཁོར་བར་བསྟན་པ། ཡུལ་གྱི་བྱར་མེད་གདོད་མའི་གཤིས་སུ་བསྟན་པ། རྩོལ་བས་རྩོལ་མེད་ཟད་པའི་དགོངས་པར་བསྟན་པ། བཅོས་བསླད་གང་གི་མེད་པའི་དོན་ལ་གདམས་པ། དེའི་བཅོས་ཤིང་འཐད་པ་རྒྱ་ཆེར་དགོད་པ། དོན་གཉིས་པ་དགོངས་པ་མཐའ་གྲོལ་ཀློང་ཡངས་སུ་འགག་བསྡམས་པ་ལ་དྲུག་སྟེ། མུ་བཞི་དགོངས་ཀློང་ཡངས་པ་ཆེན་པོའི་ངོ་བོར་མདོར་བསྟན་པ། དེའི་རྒྱུ་མེད་རང་གནད་བསྟན་པ། དེ་ལས་གྲོལ་ལས་གནས་ལུགས་ཀྱི་གདིང་ཚད་བསྟན་པ། དེའི་གང་ལའང་རང་གནད་བསྟན་པ། དེ་ལས་རིམ་པའི་གནས་ལུགས་ཀྱི་གདིང་ཚད་བསྟན་པ། དེའི་སོ་མ་རང་གནད་བསྟན་པའོ། །དོན་གསུམ་པ་ཐམས་ཅད་ཆོས་སྐུར་ལ་བཟླ་བ་ལ་དྲུག་སྟེ། གཟུང་ཡུལ་གྱི་འཛིན་ཡུལ་མེད་ཆེན་པོར་ལ་བཟླ་བ། སྤང་གཉེན་གང་ལ་བློ་བྲལ་ཆེན་པོར་ལ་བཟླ་བའོ། རང་བབས་རང་གྲོལ་ལྷུན་འབྱམས་ཆེན་པོར་ལ་བཟླ་བ། བློ་བདེ་མ་བཙལ་རང་མལ་ཆེན་པོར་ལ་བཟླ་བ། སྟོང་པ་ཕྱོགས་མེད་མཁའ་མཉམ་ཆེན་པོར་ལ་བཟླ་བ། སྣ་ཚོགས་ཆོས་ཟད་བློ་འདས་ཆེན་པོར་ལ་བཟླ་བའོ། །སྤྱི་དོན་གསུམ་པ་མན་ངག་རྫོགས་པ་མཇུག་གི་དོན་གྱིས་དེ་གཉིས་ཀའི་དོན་བསྡུ་བ་ལ་གསུམ་སྟེ། གཞི་རྫོགས་རིག་སྟོང་ཆོས་ཟད་ཡེ་ནས་དག་པས་རྟག་ཏུ་ཁྲེགས་ཆོད་དོན་གྱི་དགོངས་པ་སྒོམ་མེད་རང་མལ་ཆེན་པོར་བསྟན་པ། རང་བཞིན་དུས་བཞི་ཆོས་ཉིད་ཀྱི་འཁོར་ལོར་ཤར་བས་དགོངས་པ་ཀུན་བཟང་གི་ངང་དུ་ཕྱིན་པས་ཀློང་ཆེན་རྫོགས་པའི་དབྱིངས་སུ་བསྔོ་བ། ཡོངས་སུ་རྫོགས་པ་མཚན་གྱི་དོན་གང་གིས་སྦྱར་བ་རྫོགས་ཚིག་དང་བཅས་པ་བསྟན་པའོ། །ཁྲེགས་ཆོད་དོན་གྱི་མདོ་ཆིངས་ཁྱུང་ཆེན་གཤོག་རྫོགས་ཀྱི་བསྡུས་དོན། ཆོས་ཉིད་དོན་གྱི་རྣལ་འབྱོར་པ་ཀློང་ཆེན་རབ་འབྱམས་ཀྱིས་བཀོད་པའོ། །དགེའོ། །དགེའོ། ། དགེའོ།། །།