Summoning Prosperity—Tibetan
༄༅། །གཡང་འགུགས།
ཀྱཻཿ འཇའ་ལུས་རྡོ་རྗེ་ཆོས་སྐུའི་གཡང་ར་འདིར༔
འོད་ལྔ་མ་འགགས་འཇའ་ཟེར་ཐིག་ལེའི་གཡང་༔
སྣང་བཞི་འོད་གསལ་མཁའ་སྤྱོད་དབྱིངས་ནས་ཁུག༔
འཇའ་ལུས་འཕོ་བ་ཆེན་པོའི་དངོས་གྲུབ་སྩོལ༔
གུ་རུའི་སྦས་ཡུལ་དཔའ་བོ་ཌཱཀིའི་གླིང་༔
ཁོར་ཡུག་ཐམས་ཅད་ལྷ་དང་ལྷ་མོས་གང་༔
མཆོག་ཐུན་དངོས་གྲུབ་ཅི་བསམ་གཡང་ཁུག་ཅིག༔
ཚེ་དཔལ་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔
སྲིད་ཞི་འདོད་རྒུར་སྤུངས་པའི་གཡང་ར་འདིར༔
རྒྱན་ལྡན་གཅེས་ཕྲུག་གཞོན་ནུའི་ལྷ་གསོལ་གང་༔
བུ་ནོར་ཅི་བསམ་འདོད་རྒུའི་གཡང་ཁུག་ཅིག༔
ཕུན་ཚོགས་དཔལ་འབྱོར་དངོས་གྲུབ་ཐམས་ཅད་སྩོལ༔
གཡང་ཆང་བཀྲ་ཤིས་མདའ་དར་ཕྱེ་མར་དང་༔
སྲིད་པའི་ལྷ་ཆེན་དགྱེས་པའི་མཆོད་རྫས་འབུལ༔
ཕུ་ནས་གནོད་སྦྱིན་མཆེད་ལྔས་ནོར་གཡང་ཁུག༔
མདའ་ནས་མཚོ་སྨན་བརྟན་མས་དངོས་གྲུབ་སྩོལ༔
བར་ནས་བདུད་བཙན་འབར་བ་སྤུན་བདུན་དང་༔
སྐྱེས་མཆོག་རྡོ་རྗེ་ལེགས་པས་བསམ་དོན་སྒྲུབས༔
ཡུལ་ཕྱོགས་འདི་ལ་བཀྲ་ཤིས་དཔལ་འབར་དང་༔
དཀར་པོའི་དམ་ཆོས་དར་བའི་ཕྲིན་ལས་མཛོད༔
ཞི་བའི་ལས་མཛད་བྱང་སེམས་ལྡན་རྣམས་ཀྱིས༔
ནད་གདོན་སྡིག་སྒྲིབ་ཞི་བའི་ཕྲིན་ལས་མཛོད༔
རྒྱས་པའི་ལས་མཛད་རིན་ཆེན་རིགས་རྣམས་ཀྱིས༔
ཚེ་དང་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ༔
དབང་གི་ལས་མཛད་པདྨའི་རིགས་རྣམས་ཀྱིས༔
ཁམས་གསུམ་དབང་དུ་འདུས་པའི་དངོས་གྲུབ་སྩོལ༔
དྲག་པོའི་ལས་མཛད་ལས་ཀྱི་རིགས་རྣམས་ཀྱིས༔
དགྲ་བགེགས་ཚར་གཅོད་ནུས་པའི་དངོས་གྲུབ་སྩོལ༔
བསམ་དོན་མ་ལུས་འགྲུབ་པའི་དངོས་གྲུབ་སྩོལ༔
ཅེས་པའི་གཡང་འགུགས་ཀྱང་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་སྦྱར་བའོ། །