The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Summoning Hook of Wish-Fulfilment—Tibetan

English | བོད་ཡིག

༄༅། །གཡང་འབོད་ཡིད་བཞིན་འགུགས་པའི་ལྕགས་ཀྱུ་བཞུགས་སོ། །

 

ཆོས་དབྱིངས་ངང་ལས་དྲེགས་པའི་སྐུར་བཞེངས་ཏེ། །

ཆོས་བཞིན་སྒྲུབ་པ་ཀུན་དང་ཁྱད་པར་དུ། །

ཆོས་གྲྭའི་འཆད་ཉན་སྒྲིག་སོགས་སྲུང་མཛད་པ། །

ཆོས་སྐྱོང་ཆེན་པོ་མ་གཡེལ་དེང་འདིར་དགོངས། །

 

འཇམ་དཔལ་དབྱངས་དངོས་བཞད་པའི་རྡོ་རྗེ་ཡིས། །

དགོན་གནས་བཤད་སྒྲུབ་གཉེར་དུ་གཏད་པ་བཞིན། །

དགེ་འདུན་འདུས་ཚོགས་འཆད་ཉན་ལོངས་སྤྱོད་ཀུན། །

དབྱར་གྱི་མཚོ་བཞིན་རྒྱས་པའི་སྡོངས་གྲོགས་མཛོད། །

 

རྣམ་སྨིན་ཡོན་ཏན་བརྒྱད་ཀྱི་ལུས་རྩལ་རྫོགས། །

ཐོས་བསམ་པདྨའི་ཚལ་ལ་དགའ་བས་རྩེན། །

ལུང་རིགས་འདབ་མ་དབྱངས་སྙན་སྒྲོགས་པ་ཡི། །

རྐང་དྲུག་བགྲང་ཡས་འདུ་བའི་ཕྱྭ་གཡང་སྩོལ། །

 

མཁས་བཙུན་ལྷག་བསམ་ཅན་གྱི་སློབ་དཔོན་དང་། །

དད་བརྩོན་ཤེས་རབ་ལྡན་པའི་སློབ་མ་གཉིས། །

རྟེན་འབྲེལ་ལྷན་ཅིག་འཛོམས་པས་འཆད་ཉན་གྱི། །

རྒྱལ་མཚན་སྲིད་རྩེར་བསྒྲེངས་པའི་ཕྱྭ་གཡང་སྩོལ། །

 

གཞུང་དོན་གདམས་པར་ཤར་བའི་གོ་བ་དང་། །

ཚིག་དོན་ཕྲ་ཞིབ་འབྱེད་པ་རིགས་པའི་འཕྲུལ། །

ངེས་པ་སྐྱེད་བྱེད་རྒྱབ་རྟེན་ལུང་དང་བཅས། །

རྩོད་ངག་དགའ་སྟོན་འཕེལ་བའི་ཕྱྭ་གཡང་སྩོལ། །

 

དམ་ཆོས་འདུལ་བའི་དགོངས་དོན་འདུས་པའི་ཁྲིམས། །

ལས་འབྲས་དྲང་ཐིག་འདེབས་པའི་ལས་བྱེད་པ། །

ཚར་གཅོད་རྗེས་འཛིན་རྟིང་གནོན་མི་ཡོལ་བའི། །

བཅའ་ཁྲིམས་རྨང་གཞི་བརྟན་པོའི་ཕྱྭ་གཡང་སྩོལ། །

 

ངན་ཤེད་བྲག་ལ་འཆའ་བའི་འུག་པ་དང་། །

བླང་དོར་ལམ་དུ་རྒྱུ་བའི་ཤན་འབྱེད་པ། །

ལས་འབྲས་བདེན་པའི་ཉི་མ་འོད་པོ་ཆེའི། །

སྣང་བ་མངོན་དུ་འགྱུར་བའི་ཕྱྭ་གཡང་སྩོལ། །

 

སྡིག་སྤྱོད་རྒྱན་དུ་ངོམས་པ་ལོག་པའི་གཏམ། །

ཕྱོགས་ལྷུང་ཙམ་གྱིས་བསྔགས་པའི་མུ་ཅོར་སོགས། །

མ་ཡིན་ཆོས་ཀྱི་གྲགས་པ་ཆོས་བཞིན་དུ། །

བསྒྲགས་བྱས་སྙན་པས་ཀུན་ཁྱབ་ཕྱྭ་གཡང་སྩོལ། །

 

བསོད་ནམས་ཞིང་གི་མཆོག་གྱུར་དགེ་འདུན་དང་། །

བསོད་ནམས་དད་གཏོང་འཛོམས་པ་སྦྱིན་པའི་བདག །

བསོད་ནམས་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས། །

བསོད་ནམས་དུས་སྟོན་དར་བའི་ཕྱྭ་གཡང་སྩོལ། །

 

མངོན་འདོད་ཚང་བའི་བློ་ཡི་གཡོ་བ་ལས། །

བྱུང་མིན་བཤད་སྒྲུབ་བསྟན་པ་གནས་གྱུར་ན། །

ངང་གིས་འདུ་བ་སྲུང་མའི་འཕྲིན་ལས་ཀྱིས། །

ཕུན་ཚོགས་དཔལ་འབྱོར་རྒྱས་པའི་ཕྱྭ་གཡང་སྩོལ། །

 

ཁྱད་པར་བློ་གསལ་དོན་གཉེར་ཚུལ་མཐུན་རྣམས། །

ནད་རིམས་གདོན་བགེགས་རྐྱེན་གྱིས་མི་བརྫི་བར། །

ཐོས་བསམ་བྱ་བ་བདེ་བླག་མཐར་ཕྱིན་ཏེ། །

དོན་གཉིས་སྨོན་པ་བཞིན་དུ་འགྲུབ་པར་མཛོད། །

 

མདོར་ན་མི་འདོད་ཉེར་འཚེ་ཀུན་དང་བྲལ། །

ཕུན་ཚོགས་ལེགས་བྱས་མ་ལུས་ལྷུན་གྱིས་གྲུབ། །

རྒྱལ་བསྟན་ནོར་བུ་རྒྱལ་མཚན་རྩེར་མཆོད་པས། །

སྣང་སྲིད་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག །

 

བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །

སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །

ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ། །

ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །

 

ཅེས་པ་འདི་ནི་ཐོས་བསམ་གླིང་གི་སྤྱི་གཉེར་དད་བརྩོན་ལྡན་པ་རབ་འབྱམས་པ་བློ་བཟང་དཔལ་ལྡན་གྱིས་གྲྭ་ཚང་གི་ལས་དོན་དང་འབྲེལ་བའི་གཡང་འབོད་བྱ་ཚུལ་རྒྱལ་གསོལ་གྱི་མཇུག་ཏུ་འདོན་རྒྱུ་ཞིག་དགོས་ཚུལ་ཟེར་བར་དགེ་འདུན་སྤྱིའི་གཡང་འབོད་ཚུལ་ཁྲིམས་རྣམ་པར་དག་པ་དང་། སྒོས་སུ་མཚན་ཉིད་གྲྭ་ཚང་གི་གཡང་འབོད་བཀའ་པོད་ལྔའི་འཆད་ཉན། སྔགས་གྲྭ་རྣམས་ཀྱི་གཡང་འབོད་རྒྱུད་རིམ་གཉིས་ཀྱི་བཤད་སྒྲུབ། འདོན་ཕྱག་ལེན་སོགས་ཡིན་གྱི། གཡང་མགྲོན་པོ་འབོད་པ་བཞིན་བྱེད་པ་དཀའ་ནའང་། རང་རང་གི་རྒྱུ་བསྒྲུབས་པའི་ཐོག་ཏུ་རྐྱེན་སྲུང་མའི་ཐུགས་རྒྱུད་བསྐུལ་ན་ཕན་པར་བསམས་ཏེ། ༧བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།། །།

 

དཀོན་མཆོག་བསྟན་པའི་སྒྲོན་མེ།

དཀོན་མཆོག་བསྟན་པའི་སྒྲོན་མེ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept