Advice on Remembering Parents—Tibetan
༄༅། །ཕ་མ་དྲན་པའི་ཞལ་གདམས་བཞུགས།
ཐོག་མར་ཕ་མ་དྲིན་ཆེ་ལུས་རྟེན་བྱིན། །བར་དུ་བླ་མ་དྲིན་ཆེ་ལྷ་ཆོས་བསྩལ། །ཐ་མར་རང་དྲིན་རང་ལ་ཆེ་བས་ན། །རྟག་ཏུ་སྒོ་གསུམ་ཆོས་ཀྱིས་འདའ་བར་མཛོད། །ཕ་མ་དྲན་ན་ལྷག་པར་ཆོས་ལ་འབད། །སྐྱེས་ཚད་ཐམས་ཅད་འཆི་བའི་ངང་ཚུལ་ཅན། །འདུས་ཚད་ཐམས་ཅད་འབྲལ་བའི་རང་བཞིན་ལ། །འཆི་ཚེ་ཆོས་མིན་གཅིག་ཀྱང་ཕན་པ་མེད། །ཕ་མ་དྲན་ན་འཕྲལ་ལ་དྲིན་ལན་ཕུལ། །དགེ་སྡིག་བླང་དོར་སྟོན་ལ་ཆོས་ལམ་ཚུད། །རང་གིས་དགེ་བ་གང་བྱས་དེ་ལ་བསྔོས། །ཆོས་མིན་གཞན་གྱིས་དྲིན་ལན་གཞལ་ནུས་མེད། །ཕ་མ་དྲན་ན་ཆོས་མིན་བྱ་བ་སྤོངས། །ཚོང་ཁེ་སོ་ནམ་རབ་བྱུང་ལས་མ་ཡིན། །འདུ་འཛི་གཡེང་བས་རང་གཞན་དོན་མི་འགྲུབ། །མདོ་མེད་མི་ལས་སྡུག་པ་སྲིད་ན་མེད། །ཕ་མ་དྲན་ན་རང་མལ་ལྷོད་དེ་སྡོད། །རྒྱུ་འགྲུལ་མང་པོས་གཡེང་བའི་ཆོས་ཀུན་སྡོང་། །སྨྲ་བརྗོད་མང་པོས་སྐྱེ་བོ་ཀུན་དང་འགྲས། །བློ་སྣ་མང་པོས་ཕུང་ཕུང་ཕུང་བར་མེད། །ཕ་མ་དྲན་ན་ཐམས་ཅད་ཕ་མར་ལྟོས། །མཛའ་བཤེས་ཕ་མ་སྡང་དགྲ་ཕ་མ་ཡིན། །བླ་མ་ཕ་མ་ཆོས་གྲོགས་ཕ་མར་ལྟོས། །སྐྱེ་བོ་འདི་ཀུན་ཕ་མ་མ་གྱུར་མེད། །ཕ་མ་དྲན་ཀྱང་དྲིན་འདི་མ་ཤེས་ན། །འ་འུར་བརྩོན་པས་མཁས་པའི་གཞུང་ལ་སློབས། །དམ་པའི་ཞལ་ནས་ཟབ་མོའི་གདམས་ངག་ལོངས། །དེ་མིན་ལོ་བརྒྱར་འདས་ཀྱང་ཤེས་པར་མེད། །ཕ་མ་དྲན་ན་རྟག་ཏུ་བག་ཡོད་མཛོད། །བག་ཡོད་པ་ལས་དགེ་བའི་ཆོས་ཀུན་འབྱུང་། །བག་མེད་པ་ལས་དྲིན་ལན་ལོག་པ་འཇལ། །ཤེས་མེད་མི་ལས་སྡུག་པ་སྲིད་ན་མེད། །ཕ་མ་ངན་ན་སྙིང་རྗེའི་ཞགས་པས་ཟུངས། །བྱང་ཆུབ་སེམས་ཀྱིས་གསང་སྔགས་ཟབ་མོ་ཐོབ། །དམ་ཆོས་བདུད་རྩིས་བདག་འཛིན་བོག་དང་ཕྲོལ། །དྲིན་ལན་མ་འཕྲོད་ཟེར་ཡང་འགྱོད་པ་མེད། །ཕ་མ་དྲན་ན་ཐོས་བསམ་མགོ་བོ་ཐེགས། །གུས་རྟག་བརྩོན་པས་ཐབས་ཤེས་སྐ་རགས་བསྡམས། །བདག་ལྟའི་ཁྱིམ་ལས་བདག་མེད་ཐང་ལ་བྲོས། །འཁོར་བའི་ཕ་ཞིང་སྟོང་ཡང་འགྱོད་པ་མེད། །ཕ་མ་དྲན་ན་དབེན་པའི་རི་ངོགས་སྙོགས། །འགྲོ་དྲུག་ཕ་མ་ཚད་མེད་བཞི་ཡིས་སྦྱངས། །ཕ་རྒོད་བླ་མའི་རྣམ་ཐར་བུ་ཡིས་ཟིན། །ཨ་མ་བདེ་གསལ་ལྷ་མོ་འབྲལ་བ་མེད། །ཕ་མ་དྲན་ན་བྱང་ཆུབ་སེམས་ལ་སྦྱོངས། །རྟག་ཏུ་ཟབ་མོའི་རིམ་གཉིས་ལམ་འདིར་སྒོམས། །ནམ་ཞིག་རྟོགས་པ་མངོན་དུ་གྱུར་པ་ན། །ཐབས་ཤེས་ཟབ་མོ་གཉིས་ལས་འདའ་བ་མེད། །ཕ་མ་དྲན་ན་རང་གི་སེམས་ལ་ལྟོས། །གསལ་བ་ཕ་ལ་སྟོང་པའི་རང་བཞིན་མ། །སྟོང་གསལ་བརྗོད་དུ་མེད་པ་སེམས་ཀྱི་གཤིས། །གསལ་སྟོང་དབྱེར་མེད་འདི་དང་འབྲལ་བ་མེད། །ཧ་ཧ་ཕ་ཡང་ཡིན་ལ་མ་ཡང་ཡིན། །དབྱེར་མེད་གཅིག་ཀྱང་ཡིན་ལ་གཉིས་སུ་འགྱེད། །དེ་འདྲ་བསམ་ནས་གཅིག་འདུ་གོད་འཆར་ན། །ཆོས་ཀུན་དེ་འདྲ་ལགས་པས་དགོད་རེ་བྲོ། །རྣམ་བདུན་ཤིང་རྟའི་རིགས་པས་བཙལ་བ་ན། །ཕ་མ་བདག་འཛིན་མཐའ་བྲལ་ཀློང་དུ་གྲོལ། །བརྗོད་མེད་བུ་ཚ་སྟོང་ཆེན་ལམ་ན་ལངས། །བློ་འདས་དབྱིངས་ན་ཕ་མ་ཡོད་རེ་ཀན། །ཞེས་པའང་དུང་མདོ་དགེ་སློང་བློ་གྲོས་རྣམ་རྒྱལ་ནས་ཁོ་བོ་རེས་འགའ་ཕ་མ་དྲན་ནས་ཡིད་ཕྱ་དུང་ངེ་གྱུར་པས་ཇི་ལྟར་བྱ་བའི་བསླབ་བྱ་ཡིག་རིས་ཉུང་ངུ་ཞིག་བྱིན་ཟེར་བའི་ལན་དུ་བློ་གྲོས་ལེགས་བཤད་རྒྱ་མཚོ་ནས་ཉམས་མཚར་ཤར་མར་བྲིས་པའོ། །