Spontaneously Arisen Long-Life Prayer—Tibetan
༄༅། །ཐོལ་བྱུང་ཞབས་བརྟན་སྨོན་ལམ།
ད་ལྟའི་ཤེས་རིག་མ་འགགས་ས་ལེ་བ། །
མགོན་པོ་ཚེ་དཔག་མེད་པ་དེ་ཀའོ། །
ཅིར་ཡང་མ་གྲུབ་སྟོང་དབྱིངས་གསང་ཡེ་མོ། །
སྐལ་ལྡན་སློབ་མ་རྣམས་ཀྱི་ངོར། །
ཇི་སྲིད་འཁོར་བ་མ་སྟོང་བར་དུ་བཞུགས་པར་གསོལ།
བླ་མ་མཁྱེན།
ལན་གསུམ།
བླ་མ་བཀའ་དྲིན་ཅན་མཁྱེན།
དེ་ལྟར་དུ་འགྲུབ་པར་བྱེད་པ་ལ་བླ་མ་དཀོན་མཆོག་གསུམ་པོ་མཁྱེན།
རྩ་བའི་བླ་མ་མཁྱེན།
བླ་སློབ་མི་འབྲལ་རྒྱུན་དུ་འགྲོགས་གྱུར་ཅིག །
བཤད་སྒྲུབ་བསྟན་པ་ཡུན་དུ་གནས་པར་ཤོག །
འོད་གསལ་རྫོགས་པ་ཆེན་པོའི་བདེན་སྟོབས་ཀྱིས། །
མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །
དེ་ལྟར་འགྲུབ་པར་བྱེད་པ་ལ།
བླ་མ་མཁྱེན།
བླ་མ་མཁྱེན།
བླ་མ་མཁྱེན།
བླ་མ་དཀོན་མཆོག་གསུམ་པོ་མཁྱེན།
ཞེས་པ་འདི་ཉིད་སྐལ་ལྡན་སློབ་མ་རྣམས་ཀྱི་ངོར་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཁན་མུན་སེལ་གྱིས་གང་ཤར་དགོངས་པའི་རྩལ་ལས་ཐོལ་བྱུང་དུ་སྤེལ་བའོ།། དགེའོ།། །།