Calling the Guru from Afar—Tibetan
༄༅། །བླ་མ་རྒྱང་འབོད།
དུས་གསུམ་སངས་རྒྱས་ཀྱི་སྤྱི་གཟུགས། །
སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །
མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད། །
རྩ་བའི་བླ་མ་རང་མཁྱེན་ནོ། །
དཀྱིལ་འཁོར་རྒྱ་མཚོ་ཡི་ཁྱབ་བདག །
མཁའ་འགྲོ་ཐམས་ཅད་ཀྱི་དཔའ་བོ། །
ཆོས་སྐྱོང་ཀུན་འདུས་ཀྱི་རྗེ་བོ། །
རྩ་བའི་བླ་མ་རང་མཁྱེན་ནོ། །
བསྟན་པའི་ཁུར་ཆེན་གྱི་ཤིང་རྟ། །
འཁོར་བ་དུང་སྤྲུག་གི་ལྕགས་ཀྱུ། །
མ་རིག་མུན་སེལ་གྱི་སྒྲོན་མེ། །
རྩ་བའི་བླ་མ་རང་མཁྱེན་ནོ། །
བསླབ་གསུམ་རྣམ་དག་གི་སྡོང་པོ། །
དགོས་འདོད་ཀུན་འབྱུང་གི་ནོར་བུ། །
སྡུག་བསྔལ་མཚོ་སྐེམ་གྱི་ཉི་མ། །
རྩ་བའི་བླ་མ་རང་མཁྱེན་ནོ། །
བླ་མ་མཁྱེན།
བླ་མ་མཁྱེན།
བླ་མ་མཁྱེན།
བླ་མ་རང་མཁྱེན་ནོ། །
ཉོན་མོངས་དུག་ལྔ་ཡིས་གདུང་བའི། །
འབར་བའི་མེ་ཆེན་རང་མཆེད་དུས། །
ཡེ་ཤེས་བསིལ་རྡུལ་རྒྱུན་འབེབས་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
ལྷ་སྔགས་ཏིང་འཛིན་གྱི་ལམ་ལ། །
ཨ་འཐས་ཞེན་འཛིན་གྱིས་བཅིངས་ཚེ། །
སྣང་སྟོང་འཛིན་བྲལ་དུ་སྟོན་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ། །
བསམ་གཟུགས་སྟོང་ཞེན་གྱིས་སྒྲིབ་ཚེ། །
གཅེར་མཐོང་རང་གྲོལ་དུ་སྟོན་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པ། །
གཉིས་སྣང་ཞེན་རྟོག་གིས་བཅིངས་ཚེ། །
གཉིས་མེད་རང་སྣང་དུ་སྟོན་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
མ་འགགས་སྤྱོད་པ་ཡི་ལམ་འཁྱེར། །
རྣམ་གཡེང་བདུད་ཀྱིས་བར་བཅད་ན། །
ཡེ་གདལ་གཉུག་མ་རུ་སྟོན་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
ཚེ་འདིར་དབེན་པ་རུ་རྩེ་གཅིག །
གཞི་ལམ་འབྲས་བུ་ཡི་ཉམས་ལེན། །
མཐར་ཕྱིན་འོད་སྐུ་རུ་གྲོལ་བར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
གལ་ཏེ་གཞི་ཀློང་དུ་མ་གྱུར། །
བར་དོར་སྒྱུ་ལུས་དག་འཇིག་ཚེ། །
ན་ཚ་རོ་སྙོམས་སུ་རྟོགས་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
འཆི་བ་ཆོས་སྐུ་ཡི་བར་དོ། །
སྣང་མཆེད་ཐོབ་གསུམ་ཀུན་ཐིམ་དུས། །
འོད་གསལ་ཆོས་སྐུ་རུ་གྲོལ་བར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
ཆོས་ཉིད་ལྷུན་གྲུབ་ཀྱི་བར་དོ། །
འཇིགས་རུང་ཞི་ཁྲོ་ཡི་འཆར་ཚེ། །
རང་སྣང་ལོངས་སྐུ་རུ་གྲོལ་བར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
དབུགས་དབྱུང་སྲིད་པ་ཡི་བར་དོ། །
མ་དག་འཁྲུལ་སྣང་གིས་གཡེང་དུས། །
སྤྲུལ་སྐུའི་ཞིང་མཆོག་ཏུ་འདྲེན་པར། །
རྩ་བའི་བླ་མ་རང་མཁྱེན་ནོ། །
གདུང་དབྱངས་འོ་དོད་ཀྱི་སྒྲ་ཡིས། །
རྩེ་གཅིག་གསོལ་བ་རང་འདེབས་སོ། །
ཐུགས་རྗེས་གཡེལ་མེད་དུ་གཟིགས་ནས། །
བྱིན་རླབས་ཆར་ཆེན་རང་ཕོབས་ཅིག །
ཀུན་བཟང་བཀའ་བརྒྱུད་ཀྱི་ངོ་བོ། །
ཡོངས་འདུས་ཡིད་བཞིན་གྱི་ནོར་བུ། །
རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །
མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཅིག །
ཅེས་པའང་ཚིག་བཅད་ཆ་ཤས་མ་གཏོགས་བླ་མ་རིན་པོ་ཆེ་མུན་སེལ་ནས་མཛད་པའོ།། །།