The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration to be Cared For—Tibetan

English | བོད་ཡིག

༄༅། །ཚེ་རབས་རྗེས་འཛིན་སྨོན་ལམ། །

 

དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀུན། །

རང་ངོར་བཤེས་གཉེན་མཆོག་གི་སྐུར་སྣང་བ། །

བཀའ་དྲིན་མཚུངས་བྲལ་ཡོན་ཏན་རྒྱ་མཚོའི་གཏེར། །

ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །

 

ཁྱེད་ཀྱིས་འགྲོ་འདུལ་ཐབས་མཁས་སྤྱོད་པ་ནི། །

རྣམ་པ་སྣ་ཚོགས་ཇི་ལྟར་བསྟན་བྱས་ཀྱང༌། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་བར། །

ཇི་མཛད་ལེགས་པར་མཐོང་བར་བྱིན་གྱིས་རློབས། །

 

གང་གིས་བརྩེ་བར་གདམས་པའི་གསུང་བཟང་ལས། །

ཚིག་ཟུར་ཙམ་ཡང་འགོངས་པར་མི་བྱེད་ཅིང༌། །

བུམ་པ་གང་བྱོའི་ཚུལ་གྱིས་བྱིན་རླབས་ཀུན། །

མ་ལུས་བདག་གི་རྒྱུད་ལ་འཕོ་བར་ཤོག །

 

མགོན་ཁྱོད་དག་དང་མ་དག་ཞིང་རྣམས་སུ། །

སྣ་ཚོགས་སྤྲུལ་བའི་རོལ་གར་ངོམ་པའི་ཚེ། །

བདག་ཀྱང་ཁྱོད་ཀྱི་ཞབས་འབྲང་མཆོག་གྱུར་ནས། །

བྱང་ཆུབ་སྤྱོད་ལ་མཉམ་དུ་འཇུག་པར་ཤོག །

 

ནམ་ཞིག་རང་སྣང་དག་པའི་ཞིང་མཆོག་ཏུ། །

རྗེ་ཁྱོད་མངོན་འཚང་རྒྱ་བའི་ཚུལ་སྟོན་ཚེ། །

བདག་ཀྱང་འདུས་པ་དང་པོའི་གྲལ་འཁོད་དེ། །

ཕྲིན་ལས་སྤེལ་བའི་བྱེད་པོ་མཆོག་ཏུ་སྨོན། །

 

མདོར་ན་ད་ནས་སྐྱེ་བ་ཐམས་ཅད་དུ། །

སྐྱབས་གཅིག་དམ་པ་ཁྱེད་དང་མི་འབྲལ་ཞིང༌། །

བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག་པོ་རུ། །

གྱུར་ནས་འགྲོ་ཁམས་དོང་ནས་སྤྲུགས་པར་ཤོག །

 

ཚེ་གང་འགྲོགས་པའི་བུ་མཆོག་རིག་གྲོལ་གྱིས། །
ཚེ་གཅིག་ཉམས་སུ་ལེན་པའི་ཆོས་སྐལ་དུ། །
ཚེ་རབས་རྗེས་འཛིན་སྨོན་ལམ་འབྲི་དགོས་ཞེས། །
ཚེ་མཐར་འཁྱོལ་བའི་རྒན་བུར་བསྐུལ་བྱས་ཀྱང༌། །

རབ་བརྗིད་ཤ་ཡི་སྡེར་ཁ་དཔངས་མཐོ་ཞིང༌། །
རབ་དཀར་ཚིལ་གྱི་ཐིགས་པ་འབུམ་དུ་བརྡལ། །
རབ་མཛེས་རྒྱན་གྱིས་ལེགས་པར་བཀླུབས་བྱས་ན། །
རབ་སྙན་གཏམ་ལ་ཟད་མཐའ་མེད་མོད་ཀྱང། །

བཅུད་མེད་ཟས་མང་ཕོ་བའི་གཤེད་དུ་གྱུར། །
གོས་མེད་ལྷགས་པས་སོར་མོ་དམ་པོར་འཁྱུད། །
བཤེས་མེད་ས་མཐར་འཁྱམས་པས་ཡིད་སྐྱོ་ནས། །
དོན་མེད་སྨྲ་བ་མང་པོ་བཞག་ན་སྙམ། །

 

ཞེས་གྲང་ངར་གྱིས་ཧ་ཅང་གདུངས་ནས་སོར་མོ་རྣམས་ཀྱང་གུམ་པོར་གྱུར་ཚེ་ངག་དབང་བློ་གྲོས་མཚུངས་མེད་པས་བྲིས་པའོ། །འདི་ཡང་རི་བོ་རྩེ་ལྔ་ནས་སོ། ། ། །

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept