The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Removing Hindrances and Sustaining Realization—Tibetan

English | Français | 中文 | བོད་ཡིག

༄༅། །གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར་ཞེས་བྱ་བ་བཞུགས།

འདྲེན་མཆོག་བླ་མའི་ཞབས་ལ་འདུད། །

ཁྱོད་ཀྱི་ཉམས་སུ་ལེན་རྒྱུ་ལ། །
བླ་མ་སངས་རྒྱས་དངོས་མཐོང་གིས། །
མོས་གུས་དྲག་པོས་གསོལ་བཏབ་ཅིང་། །
དབང་བཞི་བླངས་ལ་ཐུགས་ཡིད་བསྲེས། །
ད་ལྟའི་ཐད་ཀའི་ཐ་མལ་གྱི། །
ཤེས་པ་གསལ་རིག་འདི་ཀ་ལ། །
ངན་རྟོག་འཇུར་བུའི་མ་བཅིངས་པར། །
འགྱུ་ཡིས་སྡུག་དང་གནས་ན་དགའ། །
སྒྲིམ་ཀློད་བྱེ་བློ་མ་ཙམ་པར། །
གཤིས་ལུགས་ངང་དུ་བབ་ཀྱི་ལྷོད། །
རྣམ་རྟོག་ཕྱི་རུ་སྤྲོ་བ་དང་། །
རིག་པ་ནང་དུ་སྡུད་པ་སོགས། །
བཅས་བཅོས་དགག་སྒྲུབ་མི་བྱེད་པར། །
གཏད་མེད་ངང་དུ་ཁྲོ་ལེར་ཞོག །
བལྟར་མེད་སེམས་ཀྱི་ཆོས་ཉིད་ལ། །
མཐོང་འདོད་རེ་བ་མ་ཆེ་བར། །
གང་ཤར་ཆོས་སྐུའི་ཡོ་ལངས་ཆེར། །
རྒྱ་གྲོལ་ཕྱལ་པར་ཀློད་ལ་ཐོང་། །
ཚོགས་དྲུག་ལྷུག་པར་བུ་ཆུང་སེམས། །
བཟང་རྟོག་ཞེན་མེད་འཇའ་ཤར་འདྲ། །
ངན་རྟོག་སྦྲུལ་མདུད་རང་གྲོལ་བཞིན། །
རྣམ་ཀུན་བག་ཆགས་རྗེས་མ་འབྲང་། །
ཆགས་ན་ཆགས་མཁན་རྩ་བ་ཆོད། །
ཞེན་ན་ཞེན་མཁན་རྩད་ནས་ཕྱུང་། །
བྱིང་ན་རྩལ་སྦྱངས་ཉམས་བོགས་འབྱུང་། །
མཉམ་བཞག་རྗེས་ཐོབ་ངོ་བོ་ཁྱེར། །
དུས་རྒྱུན་ངེས་འབྱུང་སྐྱོ་ཤས་དང་། །
ཞེན་ལོག་དཀའ་སྤྱད་སྒྲུབ་ཚུགས་བརྟན། །
མོས་གུས་སྙིང་རྗེ་བསྐྱེད་རྫོགས་དང་། །
ཤི་ཡང་འགྱོད་མེད་ཚགས་ཚུད་མཛོད། །
དེ་སྐད་དགེ་སྦྱོང་ཧྲལ་པོ་དེས། །
ལུང་དང་བླ་མའི་མན་ངག་དང་། །
རང་གི་མྱོང་བ་བསྟུན་ནས་བྲིས། །
དགེ་བས་ཁྱེད་ལ་ཕན་གྱུར་ཅིག །
ཅེས་པའང་གང་ཤར་དབང་པོས་བྲིས་པ་དགེ།། །།

མཁན་པོ་གང་ཤར་དབང་པོ།

མཁན་པོ་གང་ཤར་དབང་པོ།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept