Conversation with Khenpo Tsultrim Lodrö—Tibetan
༄༅། །མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་གཏམ་གླེང་བགྱིས་པའི་སྙིང་པོ།
ང་རང་མཁན་ཚུལ་ཁྲིམས་བློ་གྲོས་ཡོད་སར་སོང་ནས་ངེད་གཉིས་ཀས་ཁ་མཚར་སོགས་དོན་མེད་ཀྱི་གཏམ་གླེང་འགའ་ཞིག་བས། སྐབས་ཤིག་ཁོང་གིས་བདག་ལ། ང་ལ་ཚེ་རིང་པོ་ཨེ་ཡོད་མི་ཤེས་པས་ད་ནི་སྔོན་བཞིན་དཔེ་ཆའི་སྤྲོས་པ་སོགས་གཙོ་བོ་བྱེད་རྒྱུ་མིན་པར་བློ་སྦྱོང་སོགས་ཉམས་ལེན་རེ་ལ་བརྩོན་པའི་དུས་སུ་བབ་པ་ཡིན་ཞེས་གསུངས། ངས་ཁོང་ལ་ཁྱེད་ཀྱིས་ལོ་རེ་བཞིན་དེ་འདའི་སྲོག་བླུ་མང་པོ་ཞིག་བྱས་པ་ཡིན་པས་སྐུ་ཚེ་ཡུན་རིང་འཚོ་བ་ཡིན་ངེས་ཞེས་བཤད་པས། ཁོང་གིས་གསུང་རྒྱུར།
ང་རང་གིས་སྲོག་བླུ་འདི་ངའི་ཚེ་རིང་བ་སོགས་འཇིག་རྟེན་ཚེ་འདིའི་དོན་མ་དགོས་ང་རང་གི་སྡིག་པ་དག་པ་སོགས་རང་དོན་ཡིད་བྱེད་ཀྱི་ཀུན་སློང་ཕྲ་མོ་རེ་འགྱུ་ཡང་རང་གི་སྒྲིབ་སྦྱོང་སོགས་ལོགས་སུ་བྱས་ཆོག །སྲོག་བླུ་འདི་རང་དོན་ཡིད་བྱེད་ཀྱི་བསམ་པ་ཕྲ་མོ་ཙམ་མ་འདྲེས་པའི་གཞན་དོན་གཙང་སང་ངེ་བ་ཞིག་ཨེ་འོང་བསམས་ནས་འབད་པ་ཡིན་པས། དེས་ངའི་ཚེ་རིང་བ་ལ་ཕན་པ་ཅི་འདྲ་ཡོད་མི་ཤེས།
སྤྱིར་སེམས་ཅན་གཅིག་གི་སྲོག་ལན་གཅིག་བསྐྱབས་པ་ཙམ་ལ་དེ་འདྲའི་ཕན་པ་ཆེ་རྒྱུ་མེད་ཀྱང་ཁ་ལ་བདུད་རྩི་བྱིན་མགོ་ལ་བཏགས་གྲོལ་བཞག་གཟུངས་སྔགས་ཁྱད་པར་ཅན་བསྒྲགས་ཤིང་སྨོན་ལམ་ཡང་དག་རེ་བཏབ་ཡོད་པས་སེམས་ཅན་དེ་དག་གི་རྒྱུད་ལ་ཐར་བའི་ས་བོན་རྣམ་དག་ཅིག་བསྐྲུན་ཡོད་ཆགས་བྱས་པ་ཡིན་གསུངས།
ཡི་གེ་འདི་མཐོང་བ་དག་གི་སེམས་ལ་འཇོག་རྒྱུར་དངོས་གནས་ཐེག་པ་ཆེན་པོའི་དགེ་བ་ཟེར་བ་དེ་འདྲའི་བསམ་སྦྱོར་ཞིག་ལ་ཟེར་བ་ཡིན་པས། གཞན་དོན་སྨིན་མ་རྫིག་རྫིག །རང་དོན་ཁ་ཡོད་ལག་ཡོད་ཅིག་ལ་མ་སོང་བ་ཞིག་ཅིས་ཀྱང་གལ་ཆེ་བ་ཡིན་ནོ། །
སྨྲས་པ། རྣམ་དག་ཚུལ་ཁྲིམས་གཙང་མས་ཐུགས་རྒྱུད་མཛེས། ། བཅུ་ཕྲག་རིག་པའི་གནས་ལ་བློ་གྲོས་ཡངས། ། ཉམ་ཐག་སྐྱེ་དགུའི་མགོན་གྱུར་དགེ་བའི་བཤེས། ། ལྷོ་གླིང་འཛིན་མའི་རྒྱན་དུ་འཚོ་གཞེས་གསོལ། །