Think About It—Tibetan
༄༅། །གདམས་པ་ཕ་གཅིག་བླ་མ།
ཕ་གཅིག་བླ་མ་དྲི་མེད་འོད་ཟེར་དང༌། །
དབྱེར་མེད་ལུང་རྟོགས་བསྟན་པའི་མངའ་བདག་དེས། །
འདི་ཙམ་མ་ཡིན་ཚེ་རབས་ཐམས་ཅད་དུ། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་སྩོལ། །
རྡོ་རྗེའི་མཆེད་ལ་ད་དུང་གྲོས་གཅིག་འདེབས། །
དལ་འབྱོར་རིན་ཆེན་སྙིང་པོ་ཐོབ་དུས་འདིར། །
སྤྲོ་དགས་ཆོས་ལ་འབད་པར་མ་བྱས་ན། །
རྣམ་གཡེངས་འདུ་འཛིས་ཡོང་བར་འདུག་གམ་སོམས། །
མི་རྟག་མི་བརྟན་སྒྱུ་མའི་གྲོང་ཁྱེར་ལ། །
སྙིང་ནས་མི་རྟག་བློ་སྣ་མ་བསྟུངས་ན། །
རྟག་འཇིན་ཕྱི་ཚིས་ཡོང་བར་འདུག་གམ་སོམས། །
ཁམས་གསུམ་མཐོ་དམན་སྡུག་བསྔལ་རང་བཞིན་ལ། །
རང་བཞིན་མཐོང་བའི་ངེས་འབྱུང་མ་བསྐྱེད་ན། །
ལམ་ལ་ཞུགས་ལོས་ཡོང་བར་འདུག་གམ་སོམས། །
ལས་འབྲས་རྟེན་འབྲེལ་བསླུ་བ་མེད་པ་ལ། །
སྙིང་ནས་ཡིད་ཆེས་དད་པ་མ་སྐྱེ་ན། །
ཆོས་པ་བཟང་ལོས་ཡོང་བར་འདུག་གམ་སོམས། །
གཞན་ཡང་དུས་ངན་སྙིགས་མའི་འགྲོ་བ་ལ། །
བློ་གཏད་མི་འདུག་བསླུ་བའི་སྒྱུ་འཕྲུལ་ངོམ། །
ཅི་སྨྲས་མི་བདེན་རྫུན་གྱི་བསླུ་བྲིད་མཁན། །
ཁོ་དང་བསྟུན་ན་མི་དགེ་སྣ་ཚོགས་འཕེལ། །
དེས་ན་རང་གི་རང་ལ་གྲོས་གདབ་རན། །
རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ལགས། །
འཇིག་རྟེན་བྱ་བ་ཇི་ལྟར་བཟང་ན་ཡང༌། །
ཡོད་ཡོད་འདྲ་སྟེ་དོན་ལ་མེད་ངེས་ཡིན། །
དེས་ན་ཚེ་འདིའི་སྣང་ཤེས་རྒྱབ་ཏུ་བོར། །
ཐར་པ་དམ་པའི་ཆོས་ལ་འབད་པར་རིགས། །
རང་མགོ་ཉི་མ་ཆོས་ཀྱིས་མ་བཏོན་ན། །
མཐུན་འཇུག་མང་པོས་ཕན་པ་གདའམ་ལྟོས། །
རང་ཉིད་རང་གིས་ཐར་ལམ་མ་བཙུད་ན། །
གཞན་དག་སུ་ཡི་དབང་གིས་ཇི་ལྟར་བགྱི། །
ཁྱོད་ཀྱིས་མཐོང་དང་ཐོས་པའི་མི་དག་ལ། །
ཐར་པའི་ལམ་ལ་ཕྱོགས་པ་འདུག་གམ་ལྟོས། །
འཇིག་རྟེན་ཚེ་འདིའི་བྱ་བ་བསྒྲུབ་པ་ལ། །
འདི་དང་ཕྱི་མ་ཕན་པ་མི་གདའ་བས། །
འཁོར་བའི་བྱ་བ་ཤིར་ཤིར་ཟིན་དུས་མེད། །
འདི་ལ་སྙིང་ནས་སྙིང་པོ་འདུག་གམ་སོམས། །
ཁོ་བོས་དང་པོ་མཚན་ལྡན་བླ་མ་བརྟེན། །
བར་དུ་ཐོས་བསམ་མིག་གིས་རྡུལ་ཕྱིས་ནས། །
ད་ལྟ་ཆོས་ཉིད་མཉམ་པར་རོལ་པའི་ཡུལ། །
སྒོམ་པའི་གོམ་སྟབས་གཅིག་གིས་བསྒྲོད་ནས་སུ། །
འོད་གསལ་གསང་ཆེན་སྙིང་པོའི་ཕོ་བྲང་རྩེར། །
རྒྱ་གྲོལ་ལྷུན་འབྱམས་ཡངས་པའི་ངང་དུ་མནལ། །
སྲིད་ཆོས་མི་རྟག་སྒྱུ་མའི་རོལ་མོ་ཤར། །
ཡོད་མེད་ཡིན་མིན་སྣང་སྟོང་ཟུང་དུ་ཆུད། །
ཀུན་མཁྱེན་བླ་མའི་དགོངས་པ་རྟོགས་སམ་སྙམ། །
རིག་འཇིན་གོང་མའི་རྗེས་སུ་ཕྱིན་པ་སྙམ། །
ཆོས་ཉིད་རིག་པ་མངོན་སུམ་མཐོང་བ་འདི། །
ཀུན་མཁྱེན་བླ་མའི་དྲིན་ལས་གཞན་དག་སུ། །
འཁྲུལ་པའི་མུན་པ་ནང་ནས་དྭངས་བའི་ཚེ། །
ཉོན་མོངས་རྣམ་རྟོག་གར་སོང་ཆ་མེད་བོར། །
ཆོས་ཉིད་གཉུག་མའི་རྒྱལ་ཁབ་ཁས་ལེན་བྲལ། །
ད་ནི་སུ་ལའང་དྲི་བར་མི་བྱའོ། །
ཞེས་གླེང་ནས་ཉིད་ཀྱི་ད་དུང་ཡང་ཚིག་བདུན་གསོལ་འདེབས་ཅི་འགྲུབ་རེ་ལ་འབོད། བློ་ཁ་མ་ཡེངས། སྡུག་མ་འུར། རང་ཚོད་རང་གིས་ཟུངས། སྣ་ཐག་གཞན་ལ་མ་གཏད། རང་ཐག་རང་གིས་ཆོད། གཞན་གྱི་ཅི་ཟེར་ཡང་ཏིག་ཏིག་མེད།
ཞེས་དབེན་པའི་ཡང་ཁྲོད་ལྗོན་པ་ལུང་ནས་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀུན་བཟང་པདྨའི་རིག་འཇིན་འོད་གསལ་རིན་ཆེན་སྙིང་པོ་ལས་འབྲེལ་རྩལ་ཞེས་པས་གང་ཤར་དུ་སྤྲིང་བའོ།། །།