Dependent Arising—Tibetan
༄༅། །རྟེན་འབྲེལ།
འཕགས་པས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། སོགས། ཤེས་བྱ་འཁོར་འདས་ཀྱི་ཆོས་འདི་ཐམས་ཅད་རྒྱུ་སྔོན་སོང་གི་འབྲས་བུ་བསླུ་མེད་བསྙོན་མེད་དུ་འབྱུང་བ་ཡིན་པས་སོ། །རྟེན་འབྲེལ་ཡིན་ན་སྟོང་ཉིད་ཡིན་པས་ཁྱབ་དགོས་པས་ན། དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། སོགས། རྟེན་འབྲེལ་ལ་ཡང༌། ཀུན་མཁྱེན་ཆེན་པོས། གཤིས་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། འཁོར་བ་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། མྱང་འདས་རྟེན་ཅིང་འབྲེལ་བར་འབྱུང་བ་དང་གསུམ་ལས། དང་པོ་ནི། གཞི་ཞེས་པ་ནི། འཁོར་འདས་ཀྱི་གནས་ལུགས་སམ་ཆོས་ཉིད་དམ། ཆོས་ཀྱི་དབྱིངས་སམ་དེ་ཁོ་ན་ཉིད་ལ་སོགས་པ་མཚན་གྱི་རྣམ་གྲངས་ཡིན་པས། དོན་འཁོར་འདས་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ཡིན་ནོ། །དེའི་འཆར་ཚུལ་ལམ་རོལ་པ་ནི། འཁོར་འདས་གཉིས་པོ་ཡིན་ཏེ་འཁོར་འདས་གཉིས་ཀྱི་ངོ་བོ་ཆོས་ཉིད་དེའི་རོལ་པ་འཁོར་འདས་གཉིས་ཡིན་ཏེ། དེ་གཉིས་སོ་སོ་མ་ཡིན་ཐ་མི་དད་པ་དེ་ནི་ལ་ཟླའི་གནད་ཡིན། དེ་ལྟ་བུའི་གནས་ལུགས་དེ་ནི་འཁོར་འདས་གཉིས་ཀྱི་འབྱུང་ཁུངས་སམ་རྒྱུ་ལྟ་བུ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །ཅེས་པས། འཁོར་འདས་ཀྱི་ས་བོན་ནམ་རྒྱུའམ་རིགས་སམ་ཁམས་ནི་སྙིང་པོ་ཡིན་ཏེ། ཨ་བུའི་ཞལ་རྒྱུན་ལ་དེ་ནི་མེད་ན་མི་འབྱུང་བའི་རྒྱུ་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་ནི་མིན་ཏེ། མེད་ན་མི་འབྱུང་བའི་རྒྱུ་ནི་གནས་ལུགས་ཡེ་ཤེས་དེ་མེད་ན་འཁོར་འདས་གཉིས་པོ་འབྱུང་བའི་ཁུངས་མེད་དོ། །དཔེར་ན་ནམ་མཁའ་མེད་ན་སྣོད་བཅུད་འབྱུང་བ་མེད་པ་དང༌། རྒྱ་མཚོ་མེད་ན་རླབས་མེད་པ་ལྟ་བུ་དང༌། ནོར་བུ་མེད་ན་དགོས་འདོད་མི་འབྱུང་བ་བཞིན་དུ་གནས་ལུགས་དོན་དམ་པའི་བདེན་པ་དེ་མེད་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་འབྱུང་ཁུངས་མེད་པས་ན་མེད་ན་མི་འབྱུང་བའི་རྒྱུ་ཞེས་བྱའོ། །འཁོར་འདས་ཀྱི་རིགས་སམ་རྒྱུ་དེ་ལ་བརྟེན་ནས་འཁོར་འདས་གཉིས་འབྱུང་བ་ནི་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན། དེ་ལྟ་བུའི་འཁོར་འདས་ཀྱི་རྒྱུའམ་ས་བོན་ནམ་གནས་ལུགས་དེ་ནི། དང་པོ་རྒྱུ་འབྲས་མ་བསྐྱེད་པས་ན་ཆོས་སྡོད་པ་དང༌། དང་པོ་སྐྱེ་བ་མེད་པ་དང༌། དང་པོ་རྒྱུ་འབྲས་མ་བསྐྱེད་པས་ཐ་མ་འགགས་པ་མེད་པ་ཡིན་ཏེ། ཇི་ལྟར་འགག་པར་འགྱུར་མ་ཡིན། ཐོག་མ་ཐ་མ་དྲི་མ་མེད༌། ཅེས་པའི་དོན་ནི། དེ་ལྟ་བུའི་གནས་ལུགས་ཀྱི་ཡེ་ཤེས་དེ་ནི་ངོ་བོ་ཡེ་དག་གི་ཚུལ་དུ་བཞུགས་ཡོད་པ་ཡིན་ཏེ། དེ་ནི་འགོགས་བདེན་ཡང་ཡིན། བརྟགས་མིན་གྱི་འགོག་པ་ཡང་ཡིན་ཏེ། དེ་ལྟ་བུའི་ཡེ་ཤེས་དེ་སེམས་ཅན་གྱི་རྒྱུད་ན་ཡོད་རུང་སངས་རྒྱས་གོ་མི་ཆོད་པར་དྲི་མས་བསྒྲིབས་རུང་གཤིས་ལ་དྲི་མ་ཡེ་ནས་ཞུགས་མ་མྱོང་བར་རང་སར་འགོག་པས་ན་བརྟགས་མིན་གི་འགོག་པ་ཡིན། དཔེར་ནམ་མཁའ་ཡང་བརྟགས་མིན་གྱི་འགོག་པ་ཡིན་པ་དེ་ཡང་ནམ་མཁས་སྣོད་བཅུད་འདུ་མི་བྱེད་སྣོད་བཅུད་ཀྱིས་ནམ་མཁའ་ལ་ཡེ་ནས་གོས་མ་མྱོང་བ་དེ་ནི་བརྟགས་མིན་གྱི་འགོག་པ་ཡིན། མདོར་ན་སྤང་གཉེན་འདུ་མི་བྱེད་པ་དེ་ནི་བརྟགས་མིན་གྱི་འགོག་པ་ཡིན་ཏེ། དཔེར་ན་དབེན་པར་ཡུལ་ཆགས་ལྡང་གི་ཡུལ་དང་མ་འཕྲད་ཚེ་ཉོན་མོངས་ལ་གཉེན་པོ་མི་དགོས་པར་རག་སར་འགོག་པ་དེ་ཡིན་ནོ། སོ་སོར་བརྟགས་འགོག་ནི། སེམས་ཀྱི་རྒྱུན་གྱི་སྟེང་ན་འཇོག་གིན་ཡོད་པས་གཉེན་པོ་བརྟེན་ནས་སྤང་བྱ་རིམ་སྤང་དེ་ཡིན། འཁོར་བ་རྟེན་ཅིང་འབྲེལ་འབྱུང་ནི། རང་གནས་ཀྱི་ཡེ་ཤེས་དོ་ངོ་མ་ཤེས་པའི་མ་རིག་པ་དེ་ནི་ནང་གི་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་དེ་ཡིན་པས་ན། མ་རིག་པ་ནས་འདུ་བྱེད་སོགས་ནས་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་པོ་དེ་ཡིན། དེའི་མདངས་ལྟ་བུ་ཕྱིར་ཤར་བ་ནི་ཕྱིའི་རྟེན་འབྲེལ་ས་བོན་ནས་མྱུ་གུ་སོགས་ནས་འབྲས་བུའི་བར་རོ། །མྱང་འདས་ཀྱི་རྟེན་འབྲེལ་འབྱུང་ནི། རང་གནས་ཀྱི་ཡེ་ཤེས་དེ་ཚོགས་སྦྱོར་ནས་གོ་མྱོང་ནས་མཐོང་ལམ་ནས་རྟོགས་པའི་སྣེ་ཟིན་ནས་བཟུང་མཐར་ཐུག་གི་འབྲས་བུ་སངས་རྒྱས་མ་ཐོབ་པའི་བར་གྱི་ལམ་དང་ལམ་འབྲས་ཐམས་ཅད་ཡིན་ནོ། །དེས་ན་རང་གནས་ཀྱི་ཡེ་ཤེས་དེ་གློ་བུར་གྱི་དྲི་མ་མཐའ་དག་དག་མ་སོང་བའི་བར་གྱི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་རྗོབ་ཀྱི་བདེན་པ་ཡིན་ཏེ། འཕགས་པ་ཀླུས། ཀུན་རྫོབ་ཉོན་མོངས་ལས་ལས་བྱུང༌། ལས་ནི་སེམས་ཀྱིས་བསགས་པ་ཡིན། ཀུན་རྗོབ་ནི་འཁོར་འདས་གཉིས་པོ་ཡིན་ན། དེ་ལས་འཁོར་བ་འདུ་བྱེད་པའི་ལས་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་གསུམ་ཡིན། དེ་གསུམ་གྱིས་ནི་རྟེན་འབྲེལ་རགས་པ་མ་རིག་པ་ནས་རྒ་ཤིའི་བར་བསྐྱེད། དེ་ནི་མྱང་འདས་ཀྱི་སྤང་བྱ་ཡིན་ཏེ། དེ་ནི་མ་རིག་པ་དང་འཇིག་ལྟ་ལྷན་སྐྱེས་ཡིན་ཏེ། དེའི་གཉེན་པོ་བསླབ་པ་གསུམ་དང་ལམ་བདེན་གྱི་ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པས། དང་པོ་ཉན་རང་གི་ལམ་བསླབ་པ་གསུམ་ལ་བསླབ་པས་འབྲས་བུ་དགྲ་བཅོམ་ཐོབ་སྟེ། དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ། མ་རིག་བག་ཆགས་ཀྱི་ས་ཡིན་པས་ན། འོག་མ་ཉན་རང་གཉིས་ནས་བཟུང་མཐར་འབྲས་སངས་རྒྱས་མ་ཐོབ་པའི་བར་རྣམས་མ་རིག་པ་ཕྲ་རགས་ཡིན་པས་ན་ཀུན་རྫོབ་ཡིན་ནོ། །ལས་ནི་སེམས་ལས་བསགས་པ་པོ་ནི་སེམས་ཡིན། འོག་མའི་ལུགས་ལ་སེམས་པ་ཡིན་ཀྱང༌། གོང་མ་ཐེག་ཆེན་པའི་གཙོ་སེམས་རྟོག་བཅས་ཡིན་པར་འདོད། དེ་ལ་དབྱེ་ན་ཚོགས་བརྒྱད་དོ།། །།