The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Primordial Purity Free from Elaborations—Tibetan

English | བོད་ཡིག

༄༅། །ཉམས་མགུར་ཀ་དག་སྤྲོས་བྲལ།

ན་མོ་གུ་རུ།
ཀ་དག་སྤྲོས་བྲལ་འོད་གསལ་དྭངས་མ་ཡི་ནམ་མཁའ། །
མ་བཅོས་མ་བསྒོམ་མཉམ་པའི་འཇའ་ཟེར་གྱི་ཀློང་ན། །
ཉོན་མོངས་ཡེ་ཤེས་གྲོལ་བའི་ཐུགས་རྗེ་ཡི་དཔའ་བོ། །
མ་མཇལ་མཇལ་བ་ཆེན་པོའི་ཀློང་ཉིད་དུ་འདུད་དོ། །

གསོན་དང་རྡོ་རྗེ་སྤུན་གྲོགས་འདིར་འདུས་ཀྱི་ཚོགས་རྣམས། །
མ་བཅོས་མཉམ་པ་ཆེན་པོ་རྫོགས་ཆེན་གྱི་དཔའ་བོ། །
མ་སྒྲུབ་རང་བཞིན་འདུ་བའི་མཁའ་འགྲོ་མའི་ཚོགས་དཔོན། །
འཇའ་ལུས་འོད་སྐུར་གྲོལ་བ་ཀུན་མཁྱེན་གྱི་བླ་མ། །
ཟུང་འཇུག་སྤྲོས་བྲལ་ཆེན་པོའི་མཁའ་དབྱིངས་སུ་གཤེགས་སོང༌། །

བདེ་ཆེན་ཆོས་སྐུའི་ཀློང་ན་འདུ་འབྲལ་ནི་མེད་ཀྱང༌། །
སྣང་ཚུལ་མཇལ་སྙིང་འདོད་དེ་བྱ་ཐབས་ནི་བྲལ་སོང༌། །
འདིར་ཚོགས་རྡོ་རྗེའི་མཆེད་རྣམས་སྐྱོ་གླུ་ཞིག་ལོངས་དང༌། །
བདག་བློའི་ཀུ་མུད་ཉམས་པ་སླར་སེལ་རེ་འོང་ཐང༌། །

མི་འབྲལ་རྡོ་རྗེའི་སྤུན་རྣམས་བྲོ་གར་རེ་བརྡུང་དང༌། །
གཉིས་སྣང་བདེ་ཆེན་གྲོལ་ན་རེ་དོགས་ལས་དབེན་འགྲོ། །
མ་བཅོས་ཉམས་ཀྱི་སྣང་བ་བྱུང་རྒྱལ་ལ་གསུངས་དང༌། །
ཞེན་མེད་མཐའ་བྲལ་རྟོགས་པའི་ས་ཚད་དུ་ཕྱིན་སོང༌། །

བདག་ཅག་ཆོས་སྐུའི་རོལ་པ་ཉིན་མཚན་ནི་མེད་ན། །
གཉིས་སྣང་བདུད་ཀྱི་དཔུང་རྣམས་ཁ་སྐྱེངས་སུ་བཅོམ་སོང༌། །
ད་ནི་འབྲས་བུ་ཚད་ཕྱིན་བློ་བདེ་ཞིག་རྙེད་དོ། །
ངོ་མཚར་ཆེའོ་ཨ་ལ་ལ་དགོངས་མཛོད། །

ད་ནི་སྐྱོ་བའི་གླུ་དབྱངས་བདེ་ཆེན་ལ་དག་སོང༌། །
ཐམས་ཅད་མཉམ་པ་ཆེན་པོ་ཐིག་ལེ་ཡི་ཀློང་དེར། །
མཉམ་རྫོགས་རྫོགས་ཆེན་རྟོགས་པའི་དཔའ་བོ་དེ་སྐྱིད་དོ། །

༈ སེམས་བདེ་བ་ཆེན་པོའི་རང་བཞིན་ལ། །
ནད་སྣ་ཚོགས་བོག་འདོན་དུ་ཤར་བ་ལ། །
དགའ་མི་དགའ་འཛིན་སྟངས་དབྱིངས་སུ་ཞིག །

དོན་ཆོས་ཉིད་མཉམ་པ་ཆེན་པོའི་ཀློང༌། །
སྒོམ་ཉིན་མཚན་འདྲེས་པའི་རྣལ་འབྱོར་ལ། །
སྐྱེ་འཆི་ཡི་ཐ་སྙད་མིང་འདོགས་བྲལ། །
དོན་འདི་གོ་ཆོས་རྗེ་བླ་མའི་དྲིན། །
དྲིན་རང་ཞལ་བལྟ་བའི་མཆོད་པ་འབུལ། །

ཅེས་ཆོས་རྗེ་བླ་མའི་གསུངས་སོ། །

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept