The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Life Vein of the Path to Omniscience—Tibetan

English | བོད་ཡིག

༄༅། །གདམས་པ་རྣམ་མཁྱེན་ལམ་གྱི་སྲོག་རྩ།

མགོན་མཚུངས་མེད་བླ་མའི་ཞབས་ལ་འདུད། །
ལུས་དལ་འབྱོར་དྲིན་བཟང་རྙེད་དཀའ་འདི། །
སྔོན་བསོད་ནམ་བསགས་པ་མ་གཏོགས་པས། །
སྟབས་ལེགས་དང་ལྟས་དབང་གིས་མི་ཐོབ་པས། །
ད་སྙིང་པོ་འབུངས་གསུམ་ཆོས་ལ་ཐོན། །

དགྲ་མི་རྟག་འཆི་བ་དབང་པོ་ཆེས། །
དབང་ཡོད་ཀུན་དབང་མེད་དུ་འཆི་བྱེད་དུས། །
ལས་དཀར་ནག་གི་བསགས་པ་མ་གཏོགས་པའི། །
རྗེས་འབྲང་སུ་ཡང་མ་མཆིས་ན། །
ཕན་ངེས་པ་དམ་པའི་ལྷ་ཆོས་མཛོད། །

མགོན་མི་བསླུ་བླ་མ་དཀོན་མཆོག་གསུམ། །
ཡིད་ཆེས་པས་སྐྱབས་སུ་སུ་འགྲོ་བ། །
དུས་ནམ་ཡང་མི་བསླུ་འདུན་པ་ནི། །
བློ་རྩེ་དང་ཁ་བཏོན་སྐྱབས་འགྲོ་ཡིས། །
རང་གཅིག་པུ་ཞི་ལ་གཞོལ་བའི་བློ། །
ཁོང་བྱང་ཆུབ་ལམ་གྱི་གེགས་ཡིན་པས། །

ད་རང་འདོད་ཀྱི་བསམ་སྦྱོར་རྟོག་པ་འདི། །
ཕུང་ངེས་པའི་དགྲ་དང་འདྲེ་རུ་ཟུང༌། །
གཞན་དོན་དུ་སངས་རྒྱས་ཐོབ་པའི་བློ། །
འདི་ཡོད་ན་གཞན་པའི་དགེ་བ་ཅི། །
དཔེ་ས་བོན་གྲུང་པོའི་འབྲས་བུ་བཞིན། །

ཡུལ་སྟོང་ཉིད་དང་སྤྲོས་བྲལ་མཐོན་པོའི་ཚིག །
དུས་སྙིགས་མའི་སེམས་ལ་མི་ཕན་ཁར། །
སླར་སྨན་མ་ཞུ་བས་དུག་འགྱུར་བཞིན། །
དེངས་སེང་གི་ཕལ་ཆེར་སྟོང་བས་བཅོམ། །
ཚེ་འདི་ཕྱི་ལ་ཕན་པའི་དགེ་བ་ཞིག །
བློ་སྟོང་པས་འཕྲོག་ལ་གོ་སྐབས་མེད། །

རྒྱུ་དེས་ན་ད་རིས་ལུས་རྟེན་འདིར། །
རྐྱེན་དགེ་བའི་བཤེས་ཀྱིས་ཟིན་དུས་འདི། །
དོན་སྒོ་གསུམ་གྱིས་འབད་པ་ཆོས་ལ་ཐོན། །
དགེ་སྡིག་གི་བླང་དོར་ལ་ཞིབ་རྩེས་རྒྱོབ། །
རང་རྒྱུད་ཀྱི་རྟོག་པ་ལ་གཉེན་པོ་བརྟེན། །
རང་དོན་གི་བསམ་སྦྱོར་ལ་དུག་བཞིན་འཇེམས། །
གཞན་ཕན་གྱིས་སངས་རྒྱས་འདོད་པའི་སེམས། །
དུས་ནམ་ཡང་མེད་དུ་མི་རུང་བས། །
འདི་རྣམ་མཁྱེན་ལམ་གྱི་སྲོག་རྩར་ཟུང་། །

སེམས་རང་བབས་ཆོས་ཉིད་རྣལ་མའི་གཤིས། །
བློ་སྤྲོས་པས་དཔྱད་པས་ཅི་ལ་མཐོང༌། །
སེམས་ཐོམ་མེར་བཞག་པས་ཅི་ཞིག་མཆིས། །
གཞི་ལྷུན་གྲུབ་སྟོང་པའི་རང་ལུགས་འདི། །
བློ་གཟུང་འཛིན་བྲལ་བའི་ངང་དྭངས་ལ། །
སེམས་གཤིས་ཀྱི་རང་བཞིན་རྗེན་པ་ཞིག །

ལམ་བླ་མའི་རྣལ་འབྱོར་གྱིས་མཚམས་སྦྱར་དང༌། །
རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་མཐུས། །
བློ་ཁོ་ཐག་ནང་ནས་ཆོད་དེ་མཆིས། །

དེ་མ་ཡིན་པའི་བཤད་ཡམ་མཛེས་མཛེས་མོས། །
དུས་དེང་སེང་གི་ཆོས་གཟུགས་ཕལ་ཆེར་བསླུས། །
མདོར་དྲིལ་ན་དུས་དང་གནས་སྐབས་སུ། །
མི་རང་གི་རྒྱུད་ལ་རང་ཉིད་ཀྱིས། །
རྟོག་དཔྱོད་ཀྱིས་དྲན་དང་ཤེས་བཞིན་གྱིས། །
བླང་དོར་གྱིས་ཞིབ་ཆ་ཐོན་པ་ལ། །
ལམ་མདོ་སྔགས་ཀྱི་སྲོག་རྩ་འདུས་པར་རྟོགས། །

ཟླ་ལུང་ན་རིགས་རྒལ་ཐོག་ནས་ཀཿཐོག་མཁན་མིང་པས་གདམས་པ་དགེའོ།། །།

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept