The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

It's Incredible—Tibetan

English | བོད་ཡིག

༄༅། །ཞལ་གདམས་ཡ་རེ་ཆ་མ།

རྡོ་རྗེའི་མཆེད་པོ་སྙིང་གི་དུམ་བུ་འདྲ་བ་ལ། །ཕན་པའི་ཞུ་འོས་གདམས་ངག་ནི་སྙིང་ལ་ཆོངས་ཞིག །ད་རེས་ལུས་རྟེན་དལ་འབྱོར་ཚང་བ་ངེས་མེད་ཀྱི་ནད་ཀྱིས་གཟིར་བའི་དུས་འདིར། །ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བློ་སྦྱང་བ་དང༌། །བདེ་སྡུག་གཏོང་ལེན་ལ་སྙིང་ཐག་པ་ནས་འབུངས། །སྡུག་བསྔལ་བྱང་ཆུབ་ཀྱི་བསྐུལ་མ། །རྐྱེན་ངན་མོས་གུས་ཀྱི་དེད་དཔོན། །བར་ཆད་ཆོས་ཉིད་ཀྱི་གྲོགས་སུ་ཆེ་བ་ལགས། །ཁྱད་པར་རེ་དོགས་དང་སྐྲག་སྔངས་སོགས་ཀྱི་སྣང་བ་བྱུང་དུས། །སྟེང་དང་བར་དང་ཕྱོགས་ཕྱོགས་མཚམས། །རིག་འཛིན་བླ་མ་པདྨ་ཐོད་ཕྲེང་རྩལ། །ཞི་དྲག་འདྲེས་མའི་ཉམས་འབར་བས། །ཁྲོ་བོའི་ཧཱུྃ་དང་ཞི་བའི་གླུ། །བདེ་ཆེན་དགྱེས་པའི་གར་འཁྲབ་ནས། །བདག་གི་སྤྱི་བོར་ཞུགས་པའི་མོད། །སྣང་གྲགས་ཀུན་ལྷ་སྔགས་རོལ་པ་ཡི། །ཁྲལ་མ་ཁྲོལ་བན་བུན་ཤིགས་སེ་ཤིགས། །ཆལ་མ་ཆོལ་བདེ་ཆེན་ཡ་ལ་ལ། །འོད་གསལ་གྱི་རྟོགས་པ་སོ་མ་ལ། །བདུད་བགེགས་ཀྱི་མཚན་རྟོགས་ཡོད་དམ་ཅི། །འཁོར་འདས་ཀུན་བླ་མའི་གསང་གསུམ་ལ། །མོས་གུས་ཀྱིས་བཛྲ་གུ་རུ་འབོད། །ཨེ་མ་དག་ཆེན་བདེ་བ་ལ། །གཉིས་སུ་འཛིན་པ་ཡ་རེ་ཆ། །སྡུག་བསྔལ་བདེ་སྟོང་ཆེན་པོ་ལ། །བདེན་པར་འཛིན་པ་ཡ་རེ་ཆ། །ནད་གཟེར་མཁའ་འགྲོའི་རང་བཞིན་ལ། །ཆགས་སྡང་དུ་ལྟ་བ་ཡ་རེ་ཆ། །ཡོད་མ་མྱོང་བའི་སྣང་བ་ལ། །གཟུང་འཇིན་ལྟ་བ་ཡ་རེ་ཆ། །མེད་མ་མྱོང་བའི་ཡེ་ཤེས་ལ། །གསལ་འགྲིབ་བལྟ་བ་ཡ་རེ་ཆ། །ཤར་མ་མྱོང་བའི་རྟོགས་པ་ལ། །ཉམས་མྱོང་ཞེན་པ་ཡ་རེ་ཆ། །གྲོལ་མ་མྱོང་བའི་ཆོས་ཉིད་ལ། །ཡལ་བར་ལྟ་བ་ཡ་རེ་ཆ། །འཛིན་རྣམ་དག་པ་རིག་པ་ཆེ། །ལྷུན་གྲུབ་འོད་གསལ་འགགས་མེད་ལ། །གནས་འགྱུས་དགའ་སྡུག་འཁྲུལ་པའི་བློ། །སྦྲུལ་མདུད་བཞིན་གྲོལ་ངོ་མཚར་ཆེ། །ཡོད་མ་མྱོང་བའི་སྣང་བ་ཤར། །མི་བདེན་སྟོང་གཟུགས་སྒྱུ་མ་ལྟར། །ཀུན་ཀྱང་ཆུ་ཟླའི་རང་བཞིན་ལ། །སྤང་བླང་དགག་སྒྲུབ་སུ་ཡིས་བྱེད། །སྨིག་རྒྱུའི་ཆུ་ཡི་ར་བ་བཞིན། །འཛིན་མེད་ཀློང་ཆེན་ཡངས་པ་ལ། །སྣང་བ་དེ་ཡི་གཟིགས་མོར་ཤར། །འཁོར་འདས་ཀུན་དེ་ཡི་རྒྱས་སུ་ཤར། །ཨ་ལ་ལ་ཧོ་གསང་བའི་བདག །དེ་རང་ཡིད་ལ་གནས་པར་ཤོག། །།

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept