Counsel to Chödrak and Wangchuk Rabten—Tibetan
༄༅། །ཆོས་གྲགས་དང་དབང་ཕྱུག་རབ་བརྟན་གཉིས་ལ་གདམས་པ། །
ཡུན་རིང་དུས་ནས་ཆོས་ཀྱིས་བསྐྱངས་བའི་བུ། །
བསླབ་གསུམ་དྲི་མེད་རིན་ཆེན་ཡངས་བའི་གཞིར། །
བཅུ་ཕྲག་རིག་པའི་ལྷུན་པོའི་རྩེར་སོན་པའི། །
བཤེས་གཉེན་མིག་སྟོང་ལྡན་པ་གང་དྲུང་དུ། །
དབེན་པའི་རི་ལ་བརྟེན་པའི་བྷུ་སུ་ཀུ། །
སྔོན་བྱོན་དྲང་སྲོང་དགྱེས་པའི་བརྟུལ་ཞུགས་ལ། །
ཡིད་འདི་རྣམ་པར་དགའ་བའི་བསམ་གཏན་པ། །
རྗེས་ལས་ཐོབ་པའི་ཞུ་མཆིད་སྤྲོས་ལགས་སོ། །
སྟོན་པ་ཐུགས་རྗེ་ཅན་དེའི་གསུང་གི་མཛོད། །
ཡོན་ཏན་རྩ་བ་ཚུལ་ཁྲིམས་རིན་པོ་ཆེ། །
དྲི་མེད་སྲུང་ལ་རང་སེམས་མི་ཁྲེལ་བའི། །
བག་ཡོད་རྒན་པོའི་རྟོག་དཔྱོད་རྒྱུད་ལ་རྒྱོབ། །
ཁྱིམ་ཆེན་སྤང་ནས་ཁྱིམ་ཆུང་ཚོ་འཛིན་ལ། །
ཡང་དག་ཐར་བའི་ལམ་དུ་མཐུན་པ་ཉུང༌། །
འོན་ཀྱང་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །
སྙིང་ནས་གུས་པའི་བློ་རྩེ་མ་འཆུག་ཅིག །
འཁོར་བའི་བདེ་སྡུག་རང་གི་ལས་འབྲས་ལ། །
དབང་ཡོད་སུས་ཀྱང་གཞན་དུ་མི་བསྒྱུར་ན། །
རྒྱུ་འབྲས་ཟབ་མོ་བསླུ་བ་མེད་པ་ལ། །
ཡིད་ཆེས་ངེས་པས་ཞིབ་ཆ་ཅི་ཐོན་གྱིས། །
མཐོན་པོའི་ལྟ་བས་ཕལ་ཆེར་ངན་འགྲོར་འཕེན། །
རྒྱུ་འབྲས་གནས་ལ་སྤང་བླང་མ་ཞན་དང༌། །
གོང་མའི་འབྲས་བུ་ཇེ་བས་ཇེ་བཟང་དུ། །
འཕེལ་བ་སྐྱེས་བུ་བྱེད་པའི་འབྲས་བུ་ལགས། །
དེང་སང་སྐྱེས་བོས་ཐེག་པའི་རྩེར་མོར་སྙོགས། །
བླ་སློབ་གཉིས་གས་རྒྱུ་འབྲས་ཁ་མི་ཆགས། །
ཅང་མེད་པོ་ལ་ལྟ་བ་མཐོན་པོར་བཏགས། །
སྙིགས་མའི་སྐྱེ་བོ་ཕལ་ཆེར་རླུང་ལ་བསྐུར། །
ཁྱེད་རྣམས་མཐོན་པོའི་ཁ་ལྟ་མ་ཁྱེར་བར། །
དང་པོ་རང་གི་སེམས་འདི་ནང་དུ་ཁུག །
རྒྱུད་ལ་ཞིབ་མོའི་རྟོག་དཔྱོད་ཞིབ་དུ་རྒྱོབ། །
ལམ་ལྔའི་ཡོན་ཏན་གང་དང་ལྡན་ནམ་ལྟོས། །
རང་ཁའི་སྐྱེ་བོ་ཐ་མལ་རང་རྒྱུད་པ། །
ལམ་ལྔའི་ཡོན་ཏན་གང་དང་མི་ལྡན་པ། །
འཕགས་པའི་སྐྱེ་བོར་སྒྲོ་བཏགས་ཕོ་ཚོད་འདིས། །
ཉིང་འཁྲུལ་འཁོར་ལོ་ས་བོན་སླར་ཡང་སྤེལ། །
མི་གཅིག་ལྟོ་གོས་ཅི་ལྟར་བྱེད་ཀྱང་བྱེད། །
རང་གིས་རང་བཙོང་ངོ་ཚ་མེད་པ་ཡིས། །
དཀོར་ཟ་གྲོང་ཁྱམས་མདོ་མེད་སྟོང་འཁྱམས་ལ། །
མི་ཚེ་ཉི་མ་མ་ཕུལ་སྐུ་ཚེ་རིང༌། །
རྙེད་བསྟོད་སྙན་གྲགས་བདུད་ཀྱི་ཕྱེ་གཏོར་འདིས། །
དེང་སང་དུས་ཀྱི་ཆོས་པ་ཕལ་ཆེར་བསླུས། །
ཆོས་བརྒྱད་སྤངས་བའི་དལ་འབྱོར་དོན་ཡོད་ལ། །
སྒོ་གསུམ་དག་པའི་ལམ་ལ་ཅི་ཚུད་གྱིས། །
སྔ་འགྱུར་བརྒྱུད་པའི་ཆུ་བོ་ལས་འོང་བའི། །
བསྐྱེད་དང་རྫོགས་དང་རྗོགས་པ་ཆེན་པོའི་ལམ། །
དད་བརྩོན་ཤེས་རབ་ཅན་གྱི་འབྱོར་བའི་གནས། །
གནམ་གྱི་སྐར་མ་ཁྱི་ལ་བསྟན་པ་ལྟར། །
འོན་ཀྱང་བསམ་པ་བཟང་པོའི་ཉམས་ལེན་ལ། །
རྣམ་མཁྱེན་ལམ་གྱི་སྲོག་རྩ་ཐམས་ཅད་འདུས། །
འདི་ཉིད་ཡོད་ན་སངས་རྒྱས་ཆོས་ཡོད་ལ། །
མེད་ན་སངས་རྒྱས་བསྒྲུབ་པའི་རེ་བ་མེད། །
དེ་ཕྱིར་བྱང་ཆུབ་སེམས་ཀྱིས་སེམས་སྦྱང་ནས། །
སེམས་འདི་ནང་ནས་དགེ་བར་འགྱུར་ཤིག་དང༌། །
གཞན་པའི་ཉམས་ལེན་མེད་ཀྱང་ཆོག་པར་སྨྲ། །
འདི་མེད་བསྐྱེད་རྗོགས་ཞུགས་པ་དོན་མ་མཆིས། །
ལྟ་བ་མཐོན་པོ་ཁ་ལ་ཁྱེར་བ་དང༌། །
སྤྱོད་པ་དམན་པ་ཁྱི་ལས་ཞན་པ་གཉིས། །
ཡང་དག་རིག་པའི་ལམ་དུ་འགལ་བས་ན། །
དཔྱོད་ལྡན་སྐྱེ་བོ་ཁྲེལ་ལ་མ་བསྐུར་ཅིག །
བཀའ་དྲིན་གསུམ་ལྡན་བླ་མ་སངས་རྒྱས་དངོས། །
བལྟས་ནས་མོས་པས་གསོལ་བ་འདེབས་པས་ན། །
དོན་བརྒྱུད་དགོངས་པ་འཕོ་བའི་ཐ་ཚིག་ལ། །
འོད་གསལ་སྙིང་ཐིག་བརྒྱུད་པ་ནམ་ཡང་བརྟེན། །
གྲུབ་བརྒྱའི་སྤྱི་མྱེས་མཉམ་མེད་སྒམ་པོ་པས། །
མ་མཐོང་མངོན་ཤེས་རྨང་པོའི་སྲི་གསོ་དང༌། །
ཆོས་བརྒྱད་དབང་གིས་ནད་པའི་སྔས་སྲུང་གསུམ། །
ཆོས་པ་སད་ཀྱིས་ཁྱེར་བའི་རྒྱུར་གསུངས་སྤངས། །
ཐོས་པ་མང་པོ་ཐོས་པའི་ལམ་དུ་བཞག །
ཉམས་ལེན་ཟབ་ཟབ་གཞན་ནས་ཚོལ་བ་ནི། །
ཐོས་དོན་བསམ་ཤིང་བསྒོམ་པས་སྐྱོང་བ་ཡི། །
ངེས་པའི་ཚིག་ལ་རབ་ཏུ་རྨོངས་པར་ཟད། །
སྔར་ནས་མདོ་རྒྱུད་མན་ངག་ཟབ་མོའི་གནད། །
བརྒྱ་ཕྲག་མང་པོ་ཐོབ་པའི་ཁ་བྱང་ཅན། །
ད་ནི་བསམ་པས་སྐྱོང་བའི་དུས་ཡིན་ན། །
མདོ་རྒྱུད་ལུང་དང་རང་རྒྱུད་ཞུ་དག་གྱིས། །
མདོར་ན་དུས་རྣམས་ཀུན་ཏུ་རང་གི་སེམས། །
མདོ་རྒྱུད་གཞུང་དང་བླ་མའི་མན་ངག་ལ། །
མཐུན་ནམ་སྙམ་ནས་རང་སེམས་དགེ་ལ་བསྐུལ། །
མི་དགེའི་རྟོག་པ་དུག་བཞིན་འཛེམ་བག་བྱོས། །
དལ་འབྱོར་སྙེད་དཀའ་འཆི་བ་མི་རྟག་དང༌། །
རྒྱུ་འབྲས་བསམ་དང་འཁོར་བའི་ཉེས་དམིགས་རྣམས། །
བློ་སྦྱོང་ཟེར་བ་སེམས་འདིའི་འགྲོ་ལྡོག་ཡིན། །
འདི་ནི་ངན་པར་མ་ལྟ་རྒྱུད་ལ་སྦྱོར། །
བློ་སྦྱོང་ཙམ་ལ་བློ་སྣ་མི་ཁུག་ཤིང༌། །
འཕགས་པའི་ཡེ་ཤེས་ཉམས་ལེན་འདོད་པ་ནི། །
བྲམ་ཟེ་ཕྲུ་གུ་བཙུན་མོར་དུས་བཏབ་བཞིན། །
ཧ་ཅང་རློམ་པའི་སྤྱི་བརྟོལ་ཆེ་བར་ཟད། །
ཁོ་བོ་ཧ་ཅང་མཁས་པ་མ་ཡིན་མོད། །
འོན་ཀྱང་སྙིང་ཐིག་བརྒྱུད་པའི་གྲལ་སྐྱེས་པས། །
གོང་མའི་གདམས་པ་ཆོས་ཟབ་སྙན་བརྒྱུད་རྣམས། །
ཆད་ལྷག་མེད་པར་བྲི་སྦ་མ་བྱས་པར། །
བཤད་པ་ཐམས་ཅད་དོན་མེད་མ་བྱེད་ཅིག །
ད་དུང་སྤྲོས་པའི་རྩ་ཚིག་ཡོད་མོད་ཀྱང༌། །
དབེན་པའི་རི་ལ་གཡེང་བའི་བྱ་བ་འདི། །
ལྷ་དང་དྲང་སྲོང་དགྱེས་པར་མི་འགྲོ་བར། །
ཤེས་ནས་རེ་ཞིག་གཏམ་གྱི་ངལ་གསོ་བྱས། །
དབེན་ཁྲོ་ལྗོན་པ་ལུང་ནས་ཞུ་འདེགས་བཅས་༼ཆོས་གྲགས་དང༌དབང་ཕྱུག་རབ་བསྟན་གཉིས་ལ་མཆན༽ མཁན་མིང་པས་ཕུལ་བས་དུས་ཀུན་ཏུ་ཉམས་སུ་ལེན་པའི་རྩ་ཚིག་ཡང་དག་པ་ལགས་སོ། །