Counsel for Lama Kunga—Tibetan
༄༅། །འགོ་ལོག་མཁར་ནང་བླ་མ་ཀུན་དགའ་ལ་འདམས་པ།
མཁྱེན་བརྩེ་ཡེ་ཤེས་གཟིགས་པས་རྗེས་བཟུང་ཞིང་། །
རྣམ་དག་ལམ་གྱི་དམིགས་རྣམས་རབ་ཕྱེ་ནས། །
སེམས་རྒྱུད་དམ་པའི་ཆོས་ལ་འཁྲིད་མཛད་པ། །
བསྟན་པའི་ཉི་མའི་ཞབས་ལ་ཕྱག་འཚལ་ལོ། །
བུ་ཁྱོད་སྙིང་ནས་ཐར་བར་འཇུག་འདོད་ན། །
དང་པོ་རང་རྒྱུད་རྟོག་དཔྱོད་གལ་ཆེ་བས། །
ཆོས་ལྡན་རྟེན་ལ་སེམས་ཀྱི་འཇུག་ཚུལ་གསུམ། །
མི་དགེ་བར་མ་དགེ་བའི་རྟོག་པ་གསུམ། །
ངན་རྟོག་སེམས་ལ་དྲན་པའི་བྱ་ར་བཏང། །
ཆགས་སྡང་གར་སྐྱེས་འབུར་འཇོམས་མ་བྱས་ན། །
ཚོགས་སྦྱོར་དུས་ན་ཅི་བསམ་ཆ་མེད་པས། །
སྟོང་ལྟ་མཐོན་པོས་ངན་རྟོག་ཐུབ་པ་དཀོན། །
ཉོན་མོངས་ཕྱོགས་ཀྱི་ཁྲོད་ན་གནས་དུས་འདིར། །
འཁྲུལ་དབང་མི་བཏང་སྲན་གཟུང་ཡིད་བརྟན་ན། །
རྟག་ཅིང་ཚུགས་ཐུབ་ཉོན་མོངས་སུ་ལ་སྲིད། །
རྣམ་ཀུན་རང་རྒྱུད་སྐྱ་དྲི་ཡལ་ལམ་བལྟ། །
ཆོས་ལ་ཞུགས་ནས་ཡུན་རིང་ལོན་ན་ཡང། །
ཐ་མལ་སྐྱེ་བོའི་བསམ་སྤྱོད་མི་འགལ་བར། །
རང་དགར་ཕོ་ཚོད་ཆོས་པའི་གཟུགས་བརྙན་གྱིས། །
འདི་ཕྱི་གཉིས་ཀར་རང་གཞན་ཕོང་ཏ་རེ། །
ནང་ནས་ཉོན་མོངས་དགྲ་རུ་མ་མཐོང་ན། །
བླ་མ་བཟང་དང་གདམས་ངག་ཟབ་པས་ཅི། །
རང་ལ་རང་རྒྱུད་མངོན་སུམ་རུས་ཆེ་བས། །
ཉོན་མོངས་གང་ཆེ་གཉེན་པོ་བརྟེན་པ་ཟབ། །
དེང་སང་དུས་ན་སྙིགས་མའི་མངོན་རྟོགས་མཐུས། །
རང་རྒྱུད་མི་འབྱོར་ཁ་ལྟ་མཐོ་ཁྱད་ཀྱིས། །
རྒྱལ་ཁམས་ཟོག་པོས་ཁྱབ་ལ་ཉེ་བའི་དུས། །
ལྟ་བའི་མཐོ་ཁྱད་སྐྱུར་ལ་སེམས་རྒྱུད་འདི། །
གང་ཕན་བློ་ལྡོག་རྣམ་བཞི་མ་བསམ་ན། །
ཆོས་གཞུང་ཤོར་བས་ཆོས་ལ་སྐྱོ་བཏོན་ཀྱང་། །
བློ་སྐྱེད་མེད་པས་པས་ཐ་མལ་ལུས་ལ་ཉེ། །
བཏང་སྙོམ་ལུང་མ་བསྟན་དུ་མུ་འབྱམས་ནས། །
ཟ་ཉལ་ལེ་ལོ་སྐྱིད་འདོད་རི་ལ་བཟུང། །
ལྟར་སྣང་དགེ་བའི་ཚུལ་འཆོས་བཟང་ན་ཡང་། །
ཐར་བའི་ལམ་གྱི་ས་བོན་ཐོབ་པ་དཀོན། །
བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །
སྙིང་ནས་ཡིད་ཆེས་དད་པ་སྐྱེ་བ་འདི། །
ནོར་དང་གཏེར་བཞིན་ཆོས་ཀྱི་གཞི་མ་ཡིན། །
རྒྱུ་མཚན་ཤེས་པའི་དད་པ་ཚུལ་བཞིན་བརྟེན། །
རང་རྒྱུད་ལས་དང་ཉོན་མོངས་གྱིས་བསྐྱེད་པའི། །
སྲིད་གསུམ་འཁོར་བའི་སྡུག་བསྔལ་གཞོམ་འདོད་ན། །
བདུད་རྩི་ལྟ་བུའི་ཆོས་ཀྱི་ཉམས་ལེན་དགོས། །
དལ་འབྱོར་རིན་ཆེན་ཆོས་ཀྱི་རྟེན་བཟང་པོ། །
རྒྱུ་དཔེ་གྲངས་ཀྱི་སྒོ་ནས་རྙེད་དཀའ་ཞིང་། །
ཕྱི་ནས་འདི་འདྲ་ཅིས་ཀྱང་རྙེད་དཀའ་བས། །
སྙིང་པོ་འབུངས༌གསུམ་དམ་པའི་ཆོས་ལ་ཐོན། །
སང་བྱ་གནངས་བྱའི་ངང་དུ་དུས་དྲོན་ན། །
མི་ཚེ་ལོས་འཛད་ལ་ཟླ་ཞག་གིས་འཛད། །
སྐད་ཅིག་རེ་བཞིན་མི་ཡི་ཚེ་ཟད་ནས། །
འཆི་བདག་ལག་ཏུ་ཅིས་ཀྱང་འགྲོ་བ་སོམས། །
འཆི་ཙམ་འོང་བ་ཀུན་གྱི་ཤེས་ན་ཡང༌། །
ད་དུང་མི་འཆི་སྙམས་པའི་ལོག་རྟོག་འདིས། །
ཚེ་འདི་སྒྲུབ་འདོད་ངང་དུ་མི་ཚེ་ཟད། །
ནམ་འཆི་ངེས་མེད་གནས་འདིར་ཡིད་ལ་བསམ། །
འཆི་ཚེ་ལུས་དང་ལོངས་སྤྱོད་གཉེན་བཤེས་དང༌། །
ཐོབ་དང་མངའ་ཐང་སྟོབས་ཀྱི་ཕན་པ་མེད། །
གཅེས་པར་བསྐྱང་བའི་ལུས་ཀྱང་བཞག་ནས་འགྲོ། །
ཕན་གནོད་བསྐྱེད་པ་དགེ་སྡིག་གཉིས་ལས་མེད། །
གནས་ཆ་མེད་པའི་སྟོང་པའི་སྦད་ཁམས་ཀྱི། །
དགོས་པའི་དུས་སུ་གཉེན་པོ་ཐུབ་པ་དཀོན། །
ལྟ་བས་མ་ཟིན་སེམས་གནས་གླེན་བསྒོམ་གྱིས། །
དུད་འགྲོའི་གནས་ལས་གཞན་དུ་འགྲོ་ས་མེད། །
སྟོང་ཉིད་སྙིང་རྗེ་མཉམ་པ་བདེན་གཉིས་ལམ། །
སྣང་སྟོང་རེ་འཇོག་མེད་པ་ཉམས་བླང་ན། །
རྒྱལ་སྲས་སྤྱོད་པ་ཇི་སྙེད་འདི་རུ་འདུས། །
ཡ་བྲལ་གཅིག་ཤོས་ཉམས་ལེན་བྱེད་མདོག་དང༌། །
ཟང་ཐལ་མཐོ་སྒྲོས་ཁ་ཕོ་མཐོ་བ་འདི། །
སྐྱེ་འཆིའི་འགགས་ལ་ཐ་མལ་ལས་ཀྱང་ལོད། །
ཀྱེ་མ་ཀྱེ་ཧུད་སྟོང་ལྟས་མ་བཅོམ་གཅེས།
འགོ་ལོག་མཁར་ནང་བླ་མ་ཀུན་དགའི་ངོར་པདྨ་ལས་འབྲེལ་གྱིས་བྲིས་སོ།། ། །