Bending Mind Toward Good—Tibetan
༄༅། ། སེམས་དགེ་ལ་བསྐུལ་བའི་གྲོས་གཅིག །
གྲུབ་བརྒྱའི་སྤྱི་མེས་པཎ་ཆེན་བི་མ་ལ། །
བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་བ། །
རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་པ། །
འདི་ཙམ་མ་ཡིན་ཚེ་རབས་གཏན་གྱི་སྐྱབས། །
རྒྱལ་བའི་རྣམ་འཕྲུལ་རྒྱལ་བའི་མཛད་པ་སྒྲུབས། །
རྒྱལ་བསྟན་སྙིང་པོ་ཐེག་མཆོག་རྫོགས་པ་ཆེ། །
བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང་མཛད་པ། །
བསྟན་པའི་ཉི་མས་བདག་བློའི་པད་མཚོར་རོ། །
བསྐལ་པར་ལེགས་སྨོན་དགེ་བ་དུས་སུ་སྨིན། །
དགེ་བའི་ཆོས་ལ་བརྩོན་པའི་སྐལ་བཟང་ལ། །
སེམས་འདི་དགེ་ལ་བསྐུལ་བའི་གྲོས་གཅིག་གདབ། །
གྲོས་འདི་སྙིང་ནས་ལེགས་པར་གསན་པར་ཞུ། །
དལ་འབྱོར་རིན་ཆེན་མི་ལུས་ཐོབ་དུས་འདིར། །
སྤྲོ་དགས་ཆོས་ལ་འབད་པར་མ་བྱས་ན། །
ཐར་པ་དམ་པའི་ལྷ་ཆོས་འགྲུབ་དུས་མེད། །
དེ་ཕྱིར་ཡང་དག་ཆོས་ལ་འབད་པར་རིགས། །
མི་རྟག་འཆི་བའི་ལྕགས་ཀྱིས་མ་བསྐུལ་ན། །
འཆི་ཁར་ཕན་པའི་དམ་ཆོས་འགྲུབ་དུས་མེད། །
དེ་ཕྱིར་ཉིན་མཚན་དགེ་ལ་འབད་པར་རིགས། །
ཚེ་འདིའི་བྱ་བཞག་ཆུ་བོའི་གཉེར་མ་བཞིན། །
ཟིན་པའི་དུས་མེད་མནོག་ཆུང་འཁོར་བའི་ཆོས། །
ཅི་ཙམ་འབད་ཀྱང་སྙིང་པོ་འདུག་གམ་ལྟོས། །
ཆོས་བརྒྱད་འཁྲུལ་པ་ལམ་ཁའི་རྩ་བཞིན་དོར། །
འདི་སྣང་འཁྲུལ་པ་རྒྱབ་ཏུ་མ་བོར་ན། །
ཡང་དག་སྙིང་པོ་དམ་ཆོས་འགྲུབ་དུས་མེད། །
དེ་ཕྱིར་འཆི་ཁར་ཕན་པའི་དགེ་བ་ལ། །
བློ་སེམས་ནང་དུ་ཁུག་ལ་བསམ་གཞིག་ཐོངས། །
འཆི་ཁར་ཕན་གནོད་དགེ་སྡིག་གཉིས་ལས་མེད། །
དགེ་སྡིག་རྒྱུ་འབྲས་འདི་ལ་མ་བསམ་ན། །
རང་རྒྱུད་དམ་པའི་ཆོས་དང་འདྲེས་དུས་མེད། །
དགེ་སྡིག་བླང་དོར་དང་དུ་བླང་བར་མཛོད། །
འཁོར་བའི་གནས་འདིར་བདེ་བ་ཅུང་ཟད་མེད། །
སྔར་སོང་ཤི་བ་མགྲོན་པོའི་ངང་ཚུལ་ཅན། །
ཅི་ཙམ་སྤྱད་ཀྱང་མདང་གི་རྨི་ལམ་བཞིན། །
རང་བཞིན་མེད་པ་འཁོར་བའི་མཚང་རིགས་ན། །
འདི་སྣང་འཁྲུལ་པའི་ཞེན་པ་ཅིས་མི་འདོར། །
དེ་ཕྱིར་དང་པོ་འཁོར་བའི་སྡུག་བསྔལ་སོམས། །
བར་དུ་དགེ་བ་མཚན་ལྡན་བླ་མ་བརྟེན། །
ཐ་མར་དགེ་བ་འཁྲུལ་པའི་རྣམ་རྟོག་དོར། །
ཨ་ཧོ་ཁྱོད་ལ་ད་དུང་གྲོས་གཅིག་གདབ། །
ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཡི། །
མན་ངག་རིན་ཆེན་གསང་བ་ཆེན་པོའི་དོན། །
ཅི་བཞིན་བཤད་ཀྱི་ལེགས་པར་ཡིད་ལ་ཟུངས། །
སེམས་ཀྱི་རང་བཞིན་རྫོགས་པ་ཆེན་པོའི་གཤིས། །
ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ། །
རང་བཞིན་གསལ་བས་ཆད་པའི་མུ་དང་བྲལ། །
ཐུགས་རྗེ་ཀུན་ཁྱབ་སྤྲོས་པའི་མཐའ་ལས་གྲོལ། །
ཉི་མཁའ་བཞིན་དུ་རྒྱ་ཆད་ཕྱོགས་ལྷུང་བྲལ། །
གང་ཡིན་ཀུན་ཡིན་གཟའ་གཏད་ཀུན་དང་བྲལ། །
ཆོས་ཉིད་གཞི་ཡི་གནས་ལུགས་མཁྱེན་འཚལ་ལོ། །
རྟོག་པའི་རང་བཞིན་མ་རིག་འཁྲུལ་དབང་ལས། །
གཟུང་འཛིན་གཉིས་སུ་སྣང་བས་འཁྲུལ་པའི་ཆོས། །
མི་བདེན་བདེན་བར་བཟུང་བས་བདེན་བདེན་འདྲ། །
མེད་ལ་ཡོད་པར་བཟུང་བས་ཡོད་ཡོད་འདྲ། །
མི་འཐད་འཐད་པར་བཟུང་བས་འཐད་འཐད་འདྲ། །
རང་བཞིན་མེད་པ་སྒྱུ་མའི་སྤྲུལ་པ་བཞིན། །
འཁྲུལ་སྣང་རང་བཞིན་མེད་པར་མཁྱེན་འཚལ་ལོ། །
སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བ། །
མ་བཅོས་ལྷུན་གྲུབ་རྫོགས་པ་ཆེན་པོའི་གཤིས། །
དཔྱད་པས་མི་མཐོང་བཞག་ན་མཐོང་བ་ཡིན། །
མཉམ་བཞག་ཡེ་ཤེས་ཆེན་པོའི་ལྟ་བ་ཡིན། །
བློ་འདས་རིག་པ་ཟང་ཐལ་རྗེན་པའི་གཤིས། །
རང་བཞིན་ངང་དྭངས་རིག་སྟོང་ཡངས་པའི་ཀློང༌། །
ཇི་བཞིན་ཆུ་ལ་ཆུ་བཞག་བཞིན་དུ་ནི། །
རང་གི་ཡེ་ཤེས་རང་གིས་མཐོང་བ་ནི། །
འོད་གསལ་རྗོགས་པ་ཆེན་པོའི་ལྟ་བ་ལགས། །
མ་བཅོས་མི་འཛིན་གཉིས་པོས་མ་བསྒྱུར་བ། །
རང་བཞིན་བབ་ཡིན་ལྷུན་མཉམ་ཡངས་པའི་ཚུལ། །
ལྷུན་གྲུབ་ཅོག་བཞག་ཆེན་པོའི་དགོངས་པ་ལ། །
བློ་ཡིས་མ་བཅོས་རིག་པ་ཅོག་གེར་ཞོག །
དྲན་པས་མ་བཅིངས་རང་མལ་ལྷུག་པར་ཞོག །
བསྒོམ་པས་མ་བསྒོམ་རང་བབ་གང་བདེར་ཐོང༌། །
མཉམ་པ་ཆེན་པོ་རང་བབ་གཉུག་མའི་གཤིས། །
མ་བཅོས་རང་སར་བཞག་པ་སྒོམ་པའི་མཆོག །
ཐེག་མཆོག་འོད་གསལ་རྩེ་མོའི་སྒོམ་པ་ལགས། །
ཆོས་ཉིད་རང་བཞིན་ཡེ་ནས་འོད་གསལ་བ། །
བཅིང་གྲོལ་བྲི་གང་བྲལ་བའི་ཡེ་ཤེས་ལས། །
རྟོག་པས་མ་བཅིང་སྒྲིབ་པས་མ་སྒྲིབ་པ། །
ཡེ་གྲོལ་གཉུག་མ་ཆེན་པོའི་ཡེ་ཤེས་ལགས། །
གློ་བུར་འཁྲུལ་བའི་རྟོག་པ་ཅི་ཤར་ཡང༌། །
དང་པོ་གྲོལ་བའི་ཆོས་ཉིད་ངོས་ཟུང་ལ། །
ལུས་ཀྱི་འདུག་སྟངས་མིག་གིས་ལྟ་སྟངས་བསྟོད། །
དགོངས་པ་བློ་འདས་ཆེན་པོའི་དོན་བལྟས་པས། །
རྣམ་རྟོག་རང་གྲོལ་སྦྲུལ་གྱི་མདུད་པ་ཞིག །
ཅེར་གྱིས་བལྟས་པས་གྲོལ་བའི་ཆོས་ཉིད་མཐོང༌། །
རང་གིས་གྲོལ་བས་གཉེན་པོས་བཅོས་མི་དགོས། །
ཤར་ཙམ་གྲོལ་བ་ཆུ་ཡི་རི་མོ་བཞིན། །
དགེ་སྡིག་རྟོག་པ་ཅི་དང་ཅི་ཤར་ཡང༌། །
ཕན་གནོད་བླང་དོར་མེད་པ་ཆོས་སྐུའི་ཀློང༌། །
རང་བཞིན་རྗེས་མེད་ཡེ་ཤེས་ཆེན་པོའི་ཀློང༌། །
གུ་ཡངས་ཕྱམ་གདལ་བསྒོམ་པའི་ཀློང་ཆེན་པོར། །
བློ་བདེ་རང་སར་རྙེད་པའི་སྤྱོད་པ་མཆོག །
འོད་གསལ་རྡོ་རྗེ་སྙིང་པོའི་སྤྱོད་པ་ལགས། །
དེ་ལྟར་ལྟ་སྒོམ་སྤྱོད་པའི་རིམ་པ་རྣམས། །
གཡེལ་མེད་ཉམས་སུ་བླང་བའི་རིམ་པ་ལས། །
འཁྲུལ་པའི་མུན་པ་ནང་ན་སང་བའི་ཚེ། །
ཟང་ཐལ་རྗེན་པའི་རིག་པ་བརྟན་རིམ་ལས། །
རྗེས་ཐོབ་ཆོས་རྣམས་འབྱེད་པའི་ཤེས་རབ་དང༌། །
རྨོངས་པའི་འགྲོ་ལ་སྙིང་རྗེ་ལྷག་པར་འཕེལ། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་ཉིད། །
ངམ་ངམ་རང་ཤུགས་འབྱུང་བའི་ལམ་རྟགས་འདི། །
ལྟ་སྒོམ་ནོར་བ་མེད་པའི་ལམ་རྗེས་ལགས། །
ནམ་ཞིག་དགོངས་པ་ཀློང་དུ་གྱུར་པའི་ཚེ། །
ཡེངས་ཡུལ་ཀུན་ཀྱང་ཆོས་སྐུའི་རོལ་པར་འཆར། །
རྟོག་པའི་དྲྭ་བ་ཡེ་ཤེས་ཆེན་པོར་ཤར། །
འཁོར་འདས་ཀུན་ཀྱང་མཉམ་པ་ཉིད་དུ་གྲོལ། །
སེམས་ཉིད་ཡེ་ནས་སངས་རྒྱས་རང་ཡིན་པས། །
ཐོབ་ཤོར་རེ་དོགས་མེད་པའི་དགོངས་པ་ལ། །
ཡར་མར་གདེང་བཞི་ཐོབ་པ་འབྲས་བུ་ལགས། །
དེ་ཕྱིར་རྡོ་རྗེ་སྙིང་པོའི་གཏམ་ཅུང་ཟད། །
བསྐུལ་བ་པོ་ཡི་ནན་བསྐུལ་མ་ལྡོག་ཙམ། །
རྣམ་གཡེང་འཁྲུལ་པས་མནར་བའི་བྷུ་སུ་ཀུ། །
བྲེལ་ངང་མི་ཚེ་ཟད་པའི་མདོ་མེད་པོས། །
དོན་མེད་ཚིག་གིས་འཆལ་གཏམ་ཅུང་སྤྲིངས་སོ།། ། །