Siṃhamukhā—Tibetan
༄༅། །སེང་གདོང་མ་བཞུགས་སོ།།
ཨ་ནི་སྐྱེས་མེད་ནམ་མཁའ་ཆོས་འབྱུང་དབུས། །
ཀ་ཡིག་ཡེ་ཤེས་བདུད་འདུལ་ཁྲོ་མོའི་སྐུ། །
ས་གསུམ་བདུད་བགེགས་རབ་སྲེགས་སེང་གདོང་མ། །
མ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་དབུས་སུ་རོལ། །
ར་ཞེས་ཆགས་བྲལ་སོར་རྟོགས་ཡེ་ཤེས་མདངས། །
ཙ་ཡིག་རྡོ་རྗེའི་གྲི་གུག་ཐོད་ཁྲག་བསྣམས། །
ཕཊ་ཀྱིས་བྱད་ཕུར་ཕྱེ་མར་བརླག་མཛད་མ། །
དཔལ་ལྡན་ཁྲོ་མོས་དུས་ཀུན་བསྐྱང་དུ་གསོལ། །
དམ་ཆོས་སྒྲུབ་ལ་འགལ་རྐྱེན་མ་ལུས་པ། །
ཁྱོད་སྐུ་གསལ་བར་དྲན་པ་ཙམ་གྱིས་ཀྱང་། །
མིང་ཙམ་མེད་ཞི་བྱང་ཆུབ་སྒྲུབ་པ་ལ། །
ལྷ་མོ་ཁྱོད་དང་བདག་ཉིད་མི་འབྲལ་ཤོག །
ཅེས་པའང་བྱ་ལོའི་ཟླ་བ་༥་པའི་ཚེས་༡༥་ལ་སྨན་སྒྲུབ་རྒྱབ་ཆོག་སེང་གདོང་བསྙེན་པའི་སྐབས་ལྷ་མོ་འདི་ཡི་སྐུ་ཡི་སྣང་བ་ཡིད་ངོར་ཅུང་ཟད་མཇལ་བའི་དེ་མ་ཐག་པར་སི་ཏུ་ཆོས་ཀྱི་རྒྱ་མཚོས་སོ།།
ཨ་ལ་རྣལ་འབྱོར་ཉམས་ལ་མི་ཤར་མེད། །དབྱར་ཁའི་སྤང་ལ་མི་སྐྱེ་མེད། རྫུན་ལོས་ཡིན་ནོ།། །།