The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration for the Teachings in Taiwan—Tibetan

English | 中文 | བོད་ཡིག

༄༅། །ཐའི་ཝན་རྒྱལ་བསྟན་དར་རྒྱས་སྨོན་ལམ།

 

ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། །

 

ཀ་དག་སྤྲོས་བྲལ་ཆོས་སྐུའི་ཀློང་ཡངས་ལས། །

ལྷུན་གྲུབ་གཟུགས་སྐུ་མཚན་དཔེའི་དཔལ་འབར་བ། །

ཐུགས་བརྩེའི་སྤྲིན་ལས་ཆོས་ཆར་འབེབས་མཁས་པ། །

ཐུབ་དབང་ལྷ་མིའི་སྟོན་མཆོག་སྙིང་དབུས་རོལ། །

 

མཐིང་འཛིན་མ་གུ་ར་ཡི་སྲུང་གུར་དབུས། །

མཛེས་སྡུག་ཕུན་སུམ་ཚོགས་པའི་དོ་ར་རུ། །

ལུགས་གཉིས་སྡེ་བཞི་དཔལ་ལ་ལོངས་སྤྱོད་པས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

བློ་སྣ་ཆོས་ལ་བསྒྱུར་བའི་མན་ངག་གནད། །

དལ་འབྱོར་རྙེད་དཀའ་ཚེ་ལ་རྟག་པ་མེད།

འཁོར་བ་སྡུག་བསྔལ་ལས་འབྲས་རབ་སྲུང་ནས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

ཡང་དག་ཆོས་ལམ་འགྲོ་བའི་རིམ་པ་ནི། །

དཀོན་མཆོག་སྐྱབས་འགྲོ་བྱམས་དང་སྙིང་རྗེ་དང་། །

ཚོགས་གཉིས་བསག་དང་སྒྲིབ་གཉིས་སྦྱང་བ་ཡིས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

འགལ་རྐྱེན་ཀུན་སེལ་བླ་མའི་རྣལ་འབྱོར་དང་། །

མྱུར་ལམ་འཕོ་བའི་མན་ངག་ཉམས་ལེན་སོགས། །

འཆི་ཚེ་ཐར་ལམ་ཐོབ་པའི་གདེང་ལྡན་པས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

མ་དག་འཁྲུལ་སྣང་དག་པར་དབང་གྱུར་བའི། །

རིག་སྟོང་རང་མདངས་ལྷ་སྔགས་ཆོས་སྐུའི་ངང་། །

རྩ་ཐིག་རླུང་གསུམ་བདེ་སྟོང་གྲོགས་ཤར་བས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

རིག་སྟོང་ཀ་དག་རང་ངོ་ཤེས་པ་དང་། །

དག་དང་མ་དག་རྩལ་སྣང་ཐག་ཆོད་ནས། །

རང་གྲོལ་རེ་དོགས་བྲལ་བའི་གདེང་ཐོབ་པས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

ཤེས་རབ་རང་འབྱུང་སྒྲོན་མེའི་རང་མདངས་ལས།

དབྱིངས་ཐིག་རིག་གསུམ་འཛིན་པས་མ་བཅིང་པར། །

ཡང་གསང་བླ་མེད་ཉམས་སུ་ལེན་མཁས་པས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

ཙི་ནའི་ཡུལ་འཁྲུངས་ཐང་སིན་བླ་མ་ཡིས། །

རླབས་ཆེན་ཐུགས་བསྐྱེད་དམ་བཅས་འཕགས་ཡུལ་སྐྱོད། །

དཀའ་བ་སྤྱོད་ནས་མཁས་པ་ཕུལ་ཕྱིན་བཞིན། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

གནས་བརྟན་ཆེན་པོ་འཕགས་པ་འོད་སྲུང་སོགས། །

གཏད་རབས་བཞིན་དུ་བསྟན་པ་འཛིན་མཁས་པའི། །

བསླབ་གསུམ་རྒྱན་འཆང་ངུར་སྨིག་འཛིན་པ་ཡིས། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

གངས་ལྗོངས་ཐུབ་པའི་ལུང་དུ་བསྟན་པ་བཞིན། །

སྤྱན་རས་གཟིགས་དབང་ཐུགས་བསྐྱེད་དམ་བཅའི་མཐུས། །

ཆོས་རྒྱལ་ཟུང་གིས་ནམ་ལང་ཉི་ཤར་ལྟར། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

ཇོ་བོ་གསེར་གླིང་པ་ཡི་ཐུགས་ཀྱི་སྲས། །

འཕགས་ཡུལ་མཁས་གྲུབ་ཕུལ་ཕྱིན་ཨ་ཏི་ཤས། །

བཀའ་གདམས་བསྟན་པ་སྒྲོན་མེ་སྦར་བ་བཞིན། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

ལྷོ་བྲག་མར་པའི་བཀའ་བཞིན་བསྒྲུབ་མཛད་པས། །

བསྒྲུབ་བརྒྱུད་བསྟན་པའི་གསེར་གྱི་རྒྱལ་མཚན་འཛིན། །

མི་ལ་རས་པ་ཚེ་འདིར་གྲོལ་བ་བཞིན། །

གླིང་འདིར་རྒྱལ་བསྟན་སྙེང་པོ་དར་རྒྱས་ཤོག །

 

ས་སྐྱ་ཞེས་བྱ་ས་སྟེང་གྲགས་པས་ཁྱབ། །

གངས་ལྗོངས་ལུགས་གཉིས་སླར་ཡང་དར་རྒྱས་མཛད། །

མཁས་པའི་དབང་པོ་ཕྱོགས་ཀུན་ཁྱབ་པ་བཞིན། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

འཁོར་ལོ་ཐ་མ་བླ་མེད་དུས་འཁོར་གྱི། །

རྒྱལ་བསྟན་སྤེལ་མཁས་དཔལ་ལྡན་ཇོ་ནང་པས། །

ངེས་དོན་སྙིང་པོ་བསྟན་པ་དར་བ་བཞིན། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

རྒྱལ་དབང་པདྨའི་ལུང་འཛིན་བློ་བཟང་གྲགས། །

མཁས་གྲུབ་མང་བརྟེན་བཟང་གསུམ་དཔལ་གྱིས་ཕྱུག །

མདོ་སྔགས་ཟུང་འབྲེལ་ཐུབ་བསྟན་འཛིན་མཁས་བཞིན། །

གླིང་འདིར་རྒྱལ་བསྟེན་སྙིང་པོ་དར་རྒྱས་ཤོག །

 

རིས་མེད་རྒྱལ་བསྟན་པདྨོའི་ཚལ་བཞད་ནས། །

ཕྱི་ཡི་དགྲ་བགེགས་འབྱུང་བཞིའི་གནོད་ཞི་དང་། །

ནང་གི་ཆགས་སྡང་རྨོངས་པའི་དུག་སེལ་ནས། །

གསང་བ་བྱང་ཆུབ་སེམས་ཀྱིས་རྒྱུད་སྨིན་ཏེ། །

གླིང་འདིར་རྒྱལ་བསྟན་སྙིང་པོ་དར་རྒྱས་ཤོག །

 

མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་དང་། །

བདག་གི་ལྷག་བསམ་དག་པའི་བདེན་སྟོབས་ཀྱིས། །

མི་མཐུན་འགལ་རྐྱེན་རྒུད་པ་ཀུན་ཞི་ནས། །

ཚེ་བསོད་དཔལ་ཡོན་རྒྱས་པའི་བཀྲ་ཤིས་ཤོག །

 

ཅེས་པ་འདི་རང་གི་ཆོས་གྲོགས་དམ་པ་ཤཱཀྱའི་དགེ་སྦྱོང་སྐད་གསུམ་སྨྲ་བ་བསྟན་འཛིན་འོད་རྒྱལ་ནས་ཐེ་སྒོར་སྟོང་ཕྲག་རྒྱལ་སྲིད་ཀྱི་གྲངས་ལྡན་དང་། བཀྲ་ཤིས་ལྷ་རེག་བཅས་ཕུལ་ནས་ཐེ་ཝན་འདིར་རིས་མེད་ཀྱི་ཐུབ་བསྟན་དར་རྒྱས་དང་ལེགས་པའི་མཐུན་རྐྱེན་འགྲུབ་པ་དང་མི་མཐུན་པའི་འགལ་རྐྱེན་ཞི་བའི་ཆེད་སྨོན་ཚིག་ཉུང་ངུ་ཞིག་འབྲི་རོགས་ཞེས་སྐུལ་ངོ་མ་ལྡོག་ཙམ་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མིང་ཙམ་འཛིན་པ་ཀཿཐོག་དགེ་སྤྲུལ་འགྱུར་མེད་བསྟན་པ་རྒྱལ་མཚན་ནས་བོད་རབ་གནས་ས་ཁྱི་ཟླ་ ༧ ཚེས ༨ ལ་བྲིས་པ་དགེ་ལེགས་སུ་འཕེལ། སརྦ་མངྒ་ལཾ། །

 

ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན།

ཀཿཐོག་དགེ་རྩེ་འགྱུར་མེད་བསྟན་པ་རྒྱལ་མཚན།

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept