Tana Monastery Praise—Tibetan
༄༅། །གནས་བསྟོད་ཡིད་འཕྲོག་མུ་ཏིག་ཕྲེང་མཛེས།
ཨེ་མ་གངས་ཅན་བོད་ཀྱི་ཡུལ། །
གནས་མཆོག་ངོ་མཚར་རྨད་བུང་བ། །
རྟ་རྣ་བདེ་མཆོག་ཕོ་བྲང་འདི། །
གང་ནས་བལྟས་ཀྱང་ངོ་མཚར་ཆེ། །
ཤར་དུ་གྲུབ་རྒྱལ་རང་བྱུང་འདི། །
མཁས་གྲུབ་མང་པོ་བྱོན་པའི་རྟགས། །
ལྷོ་རུ་རྒྱལ་མཚན་རང་བྱོན་འདི། །
ཆོས་ཀྱི་རྒྱལ་མཚན་བསྒྲེང་བའི་རྟགས། །
ནུབ་ཏུ་ཕུར་པའི་རང་བྱོན་འདི། །
སྔགས་པ་ནུས་མཐུ་བྱོན་པའི་རྟགས། །
བྱང་དུ་ཛཾ་ལྷའི་རང་བྱོན་འདི། །
མངའ་ཐང་ལོངས་སྤྱོད་རྒྱས་པའི་རྟགས། །
རྒྱབ་རི་དགུང་ལ་རེག་འདྲ་འདི། ། རྒྱལ་བསྟན་དགུང་དང་མཉམ་པའི་རྟགས། ། རྒྱབ་བྲག་དཀར་ལ་མདངས་ཆགས་འདི། ། ཞི་བའི་ལས་རྣམས་འགྲུབ་པའི་རྟགས། །
རྒྱབ་རི་ལྷུན་ཆགས་མཛེས་པ་འདི། །
སྒོམ་པའི་རྒྱལ་ས་ཟིན་པའི་རྟགས། །
རྒྱབ་རི་ལྷ་མོའི་རང་བྱོན་འདི། །
རྒྱབ་བརྟེན་ལྷ་མོས་མཛད་པའི་རྟགས། །
སྤང་ལྗོང་མེ་ཏོག་རྒྱས་པ་འདི། །
དཔའ་བོ་མཁའ་འགྲོ་འདུ་བའི་རྟགས། །
ནགས་རིས་ཕྱོགས་ཀུན་བསྐོར་བ་འདི། །
དགེ་འདུན་ཕྱོགས་ཀུན་འདུ་བའི་རྟགས། །
མདུན་དུ་ཆུ་བོ་རྒྱུན་འབབས་འདི། །
ཉམས་རྟོགས་རྒྱུན་ཆད་མེད་པའི་རྟགས། །
རྫ་རིས་ཕྱོགས་ཀུན་བསྐོར་བ་འདི། །
བཀའ་བསྟན་ཕྱོགས་ཀུན་དར་བའི་རྟགས། །
རླུང་ཆེན་རྒྱུན་དུ་སྡང་བ་འདི། །
དུག་ལྔའི་ཐལ་བ་བརླག་པའི་རྟགས། །
རྡོ་ཧྲུལ་སེར་བ་བབས་འདྲ་འདི། །
བསྟན་དགྲ་ཆམ་ལ་ཕབས་པའི་རྟགས། །
ཉི་ཤར་སྔ་ལ་བྱོན་ཕྱི་འདི། །
ཆགས་སྔ་འཇིག་ཕྱི་ཡིན་པའི་རྟགས། །
རྨད་བྱུང་རྟ་རྣའི་གནས་མཆོག་འདི། །
འགྲོ་བ་འདྲེན་མཛད་ཡིན་པར་ངེས། །
གནས་འདི་གཙོས་པའི་གནས་མཆོག་རྣམས། །
ཡང་ཡང་འཇལ་བའི་སྨོན་ལམ་ཤོག །
ཅུང་ཟད་སྟོད་པའི་དགེ་འདི་ཡིས། །
མ་གྱུར་འགྲོ་རྣམས་བདེ་ཐོབ་ཤོག །
ཅེས་པ་འདི་ཀརྨ་ཚུལ་ཁྲིམས་བསྟན་དར་མིང་ཅན་དེས་ལྕགས་རྟ་ལུག་ཟླའི་ཡར་ཚེས་བཟང་པོར་སྦྱར་བའོ། །སརྦ་མངྒལཾ།། །།