The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Concise Sadak Nyingter—Tibetan

English | བོད་ཡིག

༄༅། །ས་བདག་སྙིང་གཏེར་བསྡུས་པ་བཞུགས།

 

རྫ་ཡི་བུམ་པ་སོ་མ་གཅིག་ཏུ། འབྲུ་སྣ། རིན་ཆེན་སྣ་ཚོགས། ལྕགས་ནི་མི་ཉན། རི་བོང་གི་སྙིང་སྐམ་པོ་ཡོད་ན་བཞག །མེད་ཀྱང་རུང་། སྨན་སྣ་ཀླུ་སྨན་རྣམས་ཀྱིས་བཀང་། སྣང་བརྒྱད་ཀྱི་སྙིང་པོ་བྲིས་ནས་བཅུག་ན་ཟབ། མེད་ཀྱང་རུང་། ཁ་དམ་པར་བཅད་ལ། རི་གཉན་ས་དཔལ་བཟང་སར། དཀར་གཏོར་གཅིག་ཕུལ་ལ།

ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ།

ཨོཾ་སྭ་བྷཱ་ཝ་སོགས།  

སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས་བྱུང་བའི། །

རིན་ཆེན་བུམ་པ་སྟོང་གསུམ་མཉམ་པའི་ནང་། །

རིན་ཆེན་སྣ་ལྔ་བླུགས་པས་དགོས་འདོད་འབྱུང་། །

སྨན་ལྔ་བླུགས་པས་ནད་ཀྱི་བསྐལ་པ་ཞི། །

འབྲུ་ལྔ་བླུགས་པས་མུ་གེའི་བསྐལ་པ་ཞི། །

དྲི་ལྔ་བླུགས་པས་སྙན་གྲགས་ཀུན་ཏུ་ཁྱབ། །

སྙིང་པོ་ལྔ་བླུགས་ཚེ་རིང་ལོ་བརྒྱ་འཚོ། །

རིན་ཆེན་སྣ་ལྔས་མཚོན་གྱི་བསྐལ་པ་ཞི། །

དགོས་འདོད་ཀུན་འབྱུང་ཟད་མེད་རིན་ཆེན་གཏེར། །

ༀ་ཧཱུྃ་ཏྲཱྂ་ཧྲཱིཿཨཱཿཡིས་བྱིན་རླབས་ཏེ། །

 

ས་བདག་ཀླུ་གཉན་ཡུལ་ལྷ་གཞི་བདག་དང་། །

ཁྱད་པར་ས་འདིར་གནས་པའི་གཞི་བདག་ལ། །

ཟད་མེད་གཏེར་གྱི་ལོངས་སྤྱོད་འབྱུང་ཕྱིར་འབུལ། །

ས་བདག་སྙིང་གཏེར་དམ་པ་འདི་སྦས་པས། །

ས་བདག་འཁྲུགས་པ་ཐམས་ཅད་སྡུམ་གྱུར་ཅིག །

ས་བདག་འགྲས་པ་ཐམས་ཅད་བྱང་གྱུར་ཅིག །

ས་བདག་ཉམས་པ་ཐམས་ཅད་སོས་གྱུར་ཅིག །

ས་བདག་རྨུགས་པ་ཐམས་ཅད་སངས་གྱུར་ཅིག །

ས་བདག་རྒུད་པ་ཐམས་ཅད་དར་གྱུར་ཅིག །

ས་བདག་ན་བ་ཐམས་ཅད་སོས་གྱུར་ཅིག །

ས་བདག་ཀླུ་གཉན་ཐམས་ཅད་རབ་དགྱེས་ནས། །

བདག་དང་ཡོན་བདག་རྣམས་ལ་ཁ་འཛིན་མཛོད། །

ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །

ལེགས་དང་སྤྲོད་ལ་ཉེས་པ་ཀུན་དང་བསྣོལ། །

དགྲ་གྱོད་ནད་གདོན་བར་ཆད་ཞི་བར་མཛོད། །

ལོ་ལེགས་ཕྱུགས་འཕེལ་ཚེ་བསོད་རྒྱས་པར་མཛོད། །

དུས་མིན་འཆི་སོགས་བར་ཆད་ཞི་བར་མཛོད། །

ཁྱེད་ཅག་ཡུལ་འདིར་གནས་པའི་ས་བདག་སྟེ། །

ངེད་ཅག་ས་ལ་བརྟེན་པའི་དབུ་ནག་མི། །

གནས་མགྲོན་གཉིས་ཀྱི་དམ་ཚིག་ཐུབ་པར་སྲུངས། །

རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །

ཨོཾ་བྷུ་མི་པ་ཏི་སཱ་པ་རི་ཝ་ར་རཏྣ་པཉྩ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་སྭཱ་ཧཱ།

ས་བདག་སྙིང་གཏེར་འདི་སྦས་པས། །

བདག་དང་སེམས་ཅན་མ་ལུས་པ། །

ནད་མུག་མཚོན་གྱི་བསྐལ་པ་དར་བའི་ཚེ། །

གཏེར་ཆེན་འདི་ཡིས་སྐྱོབས་པར་ཤོག །

ཅེས་ཚར་གསུམ་བཏོན་ལ་སྦས།

བཀྲ་ཤིས་བརྗོད།

དཀར་གཏོར་ཡར་ལ་ཕུལ། ས་བརྐོ་དུས། སྟོན་གསུམ་ལྷོར་ཁ་གྱུ། དགུན་གསུམ་ནུབ། དཔྱིད་གསུམ་བྱང་། དབྱར་གསུམ་ཤར་དུ་ཁ་གྱུ་ནས་བརྐོ། ཚེས་བཅུ་གཉིས་ལ་མི་རུང་། གཞན་སྐར་མ་བཟང་དུས་ནམ་ཡང་རུང་།

 

རཱ་ག་ཨ་སྱས་འཕྲལ་དུ་བྲིས། བཀྲ་ཤིས།།  །།

 

ཀརྨ་ཆགས་མེད།

Karma Chakme (Rāga Asya)

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept