Gampopa Guru Yoga—Tibetan
༄༅།།རྗེ་དྭགས་པོའི་བླ་མའི་རྣལ་འབྱོར་ནོར་བུའི་ཐིག་ལེ་ཞེས་བྱ་བ།
དབུས་སུ་དྭགས་པོ་ལྷ་ཡི་རྗེ། །
མཉམ་མེད་སྒོམ་པོ་པ་ཆེན་པོ། །
དགེ་སློང་བསོད་ནམས་རིན་ཆེན་ཆེ། །
རྡོ་རྗེ་འཛིན་པ་འཛམ་གླིང་གྲགས། །
དཀར་དམར་མདངས་ལྡན་གཟི་བྱིན་ལྡན། །
བག་དྲོ་ཅུང་ཟད་བསྒྲེས་པའི་ཚུལ། །
ཟག་མེད་ཏིང་འཛིན་ཉམས་བརྒྱ་འབར། །
རབ་བྱུང་ཆ་ལུགས་སྒོམ་ཞྭ་བཞེས། །
མཉམ་བཞག་སྟེང་དུ་ལྷུང་བཟེད་འཛིན། །
འབྲུ་བཅུད་ནོར་བུའི་བཀང་བ་འཛིན། །
སྣང་སྟོང་དགྱེས་སྐུ་ལམ་མེར་བཞུགས། །
མཚན་དཔེའི་ཞི་འཛུམ་ཡ་ལ་ལ། །
གྲགས་སྟོང་ཆོས་སྒྲ་ལྷང་ངེ་བ། །
རྡོ་རྗེའི་གསུང་དབྱངས་འུ་རུ་རུ། །
རིག་སྟོང་དགོངས་པ་ལྷན་ནེ་བ། །
སྣང་སེམས་གཉིས་མེད་ཟང་ཐལ་ལེ། །
མཐོང་བས་འཇིག་རྟེན་སྣང་བ་འགགས། །
གསུང་ཐོས་འཁྲུལ་སྣང་ཧྲུལ་པོར་གཏོང་། །
དྲན་པས་བདེ་ཆེན་ཡེ་ཤེས་བསྐྱེད། །
འོད་ལྔའི་འཇའ་ཟེར་ཐིག་ལེ་དཀྲིགས། །
ཤར་དུ་དཔལ་ལྡན་དུས་གསུམ་མཁྱེན། །
དུས་གསུམ་མཁྱེན་པ་ཆགས་ཐོགས་བྲལ། །
ལྷོ་རུ་ཁམས་པ་རྡོ་རྗེ་རྒྱལ། །
དེ་བཞིན་གཤེགས་པའི་མཛད་སྤྱོད་འཆང་། །
ནུབ་ཏུ་འབའ་རོམ་དར་མ་དབང་། །
འཇིག་རྟེན་གསུམ་ན་འགྲན་ཟླ་བྲལ། །
བྱང་དུ་རྒྱལ་བ་ཞང་ཚལ་པ། །
གྲུབ་པའི་བརྟུལ་ཞུགས་བསམ་མི་ཁྱབ། །
གཡས་སུ་དབོན་སྒོམ་ཚུལ་ཁྲིམས་སྙིང་། །
གཡོན་དུ་སྒོམ་པ་ཤེར་རྒྱལ་བ། །
ཕྱི་རོལ་ཕྱོགས་དང་ཕྱོགས་མཚམས་ལ། །
ཐུགས་སྲས་ཉེ་བའི་བུ་ཆེན་བཞི། །
ཞབས་ཏོག་བསྒྲུབ་པའི་སློབ་མ་བཞི། །
ཤྭ་སྒོམ་ཡེ་ཤེས་རྡོ་རྗེ་སོགས། །
བུ་སློབ་གྲུབ་ཆེན་མང་པོས་བསྐོར། །
དག་པའི་འཁོར་ཚོགས་ལྔ་བརྒྱ་དང་། །
མ་དག་འཁོར་ཚོགས་ལྔ་བརྒྱ་རྣམས། །
ལ་ལས་ཕྱག་བསྐོར་གསོལ་བ་འདེབས། །
ལ་ལས་ཚོགས་བསགས་སྒྲིབ་སྦྱངས་མཛད། །
ལ་ལས་མདོ་རྒྱུད་འཆད་ཉན་མཛད། ༼།མདོ་ཏིང་འཛིན་རྒྱལ་པོ། བཀའ་གདམས་གཞུང་དྲུག སྐྱེས་བུ་གསུམ་གྱི་ལམ་རིམ། རྒྱུད་བླ་མ། བདེ་དགྱེས་གསང་གསུམ་རྣམས་སོ། མཆན།༽
ལ་ལས་ལྷ་ཡི་བསྐྱེད་རིམ་བསྒོམ། །
ལ་ལས་སྔགས་ཀྱི་བཟླས་པ་མཛད། །
ལ་ལས་ཐབས་ལམ་ཆོས་དྲུག་བསྒོམ། །
ལ་ལས་གྲོལ་ལམ་ཕྱག་ཆེན་བསྒོམ། །
ཕལ་ཆེར་རི་ལ་འདག་སྦྱར་མཛད། །
ལ་ལ་བྱ་ལྟར་མཁའ་ལ་ལྡིང་། །
ལ་ལ་ཆུ་ལ་ཉ་ལྟར་འཕྱོ། །
ལ་ལ་རི་བྲག་ཟང་ཐལ་རྒྱུ། །
ལ་ལ་ལྷན་སྐྱེས་ཆེན་པོར་འབྱམས། །
ལ་ལས་སྤྲུལ་བསྒྱུར་སྣ་ཚོགས་སྟོན། །
ལ་ལར་ཟག་མེད་མངོན་ཤེས་འཆར། །
སྟེང་དུ་བཞེད་པ་རྡོ་རྗེ་ལ། །
གྲུབ་ཐོབ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །
བར་དུ་འཁོར་ལོ་སྡོམ་པ་ལ། །
འཁོར་ལོ་གསུམ་གྱི་ཆར་སྤྲིན་འཁྲིགས། །
འོག་ཏུ་མ་མགོན་ལྕམ་དྲལ་ལ། །
མཁའ་འགྲོ་ཆོས་སྐྱོང་བུ་ཡུག་འཚུབས། །
ཨོཾ་ཨཱཿམ་ཧཱ་གུ་རུ་པུཎྱེ་རཏྣ་སིདྡྷི་ཧཱུཾ།
ཞེས་པ་འདི་དྭགས་ལྷ་སྒམ་པོར་གསེང་ལམ་བླ་སྒྲུབ་ཚོགས་བརྒྱ་བགྱིས་སྐབས་ལམ་ཙམ་དང་། །དེ་ནས་ཡུན་རིང་སོང་སྐབས་ཕྱིས་སུ་པདྨ་ཕྲིན་ལས་སྙིང་པོའམ་ཀརྨ་ཕྲིན་ལས་རྒྱ་མཚོས་རྗེ་སྒམ་པོ་པའི་དུས་གསུམ་རྣམ་ཐར་ལ་ཡིད་ལ་བྱས་ཏེ་དད་པས་སྦྱར་བའོ། །