Takhyung Barwa Nyenyik—Tibetan
འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་བ་ལས༔ བསྙེན་པའི་གནད་ཡིག༔
བསྙེན་པ་མཚམས་བཅད་དམ་དུ་བྱ༔ སྟོང་ཉིད་རྩལ་ལས་གསལ་སྣང་ལྷར༔ སྒྲུབ་གཞུང་ལྟར་མངོན་རྟོགས་གསལ། རྫོགས་ནས་སྙིང་གའི་སྔགས་ཕྲེང་ལས༔ ཐུགས་ཀར་ཉི་མའི་གདན་ཡུང་འབྲུ་ཙམ་གྱི་སྟེང་ཧཱུྃ་དམར་གྱི་མཐར་རྩ་སྔགས་མདོག་དམར་གཡས་སུ་འཁོར་བ་ལ་དམིགས་པ་སྐད་ཅིག་ཀྱང་མ་ཡེངས་པ་གནད། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ སྔགས་ཕྲེང་ལས་བྱུང་མེ་སྟག་དང་༔ ཁྱུང་གི་སྐུའི་ཆ་ཐམས་ཅད་ནས་ཁྱུང་གི་ཚོགས་འཕྲོས་པའི་འོད་དང་མེ་ཡི་ཟེར་གྱིས་གནོད་བྱེད་ཐམས་ཅད་ཀྱི་ལུས་རྫས་ལ་མེ་མཆེད་པ་བཞིན་དུ་ཚིག་པར་བསམ། ཚ་ཚས་ལོག་འདྲེན་བསྲེགས༔ རྟ་སྐད་རྔམས་འཚེར་སྲིད་གསུམ་གཡོ༔ ཕྱོགས་བཅུའི་གདོན་ཚོགས་གཟིར་ཞིང་གནོན༔ ཕྱོགས་སྐྱོང་བཅུ་རང་རང་གི་འཁོར་དང་བཅས་པའི་གདོན་རྣམས་འོད་ཟེར་གྱིས་བཀུག་སྟེ་ཞབས་འོག་ཏུ་མནན་པར་བསམ། སྟེང་གདོན་འདུལ་ན་ཁྱུང་གདོང་ལས༔ འོད་ཟེར་འཕྲོ་ཕྱག་གཡོན་གྱི་མེ་ཁྱུང་དམར་པོ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོ་ཞིང་སྐུའི་བ་སྤུ་ལས་ཀྱང་ཁྱུང་དེ་འདྲ་འཕྲོ་བ་རྣམས་ཀྱི་གདངས་ལས་འོད་ཟེར་མེའི་རེག་བྱ་ལྟ་བུ་འཕྲོས་ཤིང་གཟའ་ཀླུའི་གདོན་རྣམས་ཚར་བཅད་པར་བསམ།བ་མན་ངག་ཡིན༔ གདོན་ཀྱང་རང་སེམས་འཁྲུལ་པའི་རྩལ༔ གནོད་བྱ་གནོད་བྱེད་གཉེན་པོ་གསུམ༔ ཆོས་ཉིད་མཉམ་པའི་ངང་རིག་ན༔ ལྷུན་གྲུབ་རིག་འཛིན་ས་ལ་ཕྱིནཿ ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེརཿ སྣོད་མིན་ལོག་ལྟ་ཅན་ལ་རྒྱཿ ས་མ་ཡཿ དྷ་ཐིམཿ ཞེས་དྲག་པོ་རྟ་ཁྱུང་གི་བསྙེན་ཡིག་རྩ་བ་ཉིད་ལ། གོ་དཀའ་བ་མཆན་བུས་བཀྲོལ་བ་ལྟར་དང་། མཚམས་ཇི་ཙམ་བྱེད་རིང་ངག་སྨྲ་བཅད་དམ་པ་དང་དམིགས་པ་སེམས་མ་ཡེངས་པ་ཁོ་ན་གཙོ་ཆེ་ཞིང་། འོད་ཟེར་སྤྲོ་བསྡུ་སོགས་མང་པོ་མ་བྱུང་ཡང་སྐྱོན་མེད་ལ། གཙོ་བོར་ཐུགས་ཀའི་ཧཱུྃ་དམར་སྤུས་བྲིས་པ་ལྟ་བུ་ལ་སྔགས་ཕྲེང་གཡས་བསྐོར་སྒྲ་དང་བཅས་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས་བཟླས་པ་བྱ། མཚམས་ཀྱི་བྱ་ལུགས་དངོས་གཞི་སེང་གདོང་སོགས་ཀྱི་བསྙེན་ཡིག་དང་ཁྱད་མེད་དོ།། །།