The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

The Sixteen Elders—Tibetan

English | བོད་ཡིག

༄༅།  །གནས་བརྟན་ཕྱག་མཆོད་བཞུགས་སོ། །

 

འོད་སྣང་ལས་གྲུབ་གསེར་གྱིས་གཞིའི་དབུས། །

རྟ་བབས་སྤངས་པའི་རིན་ཆེན་གཞལ་མེད་ཁང་། །

མཐའ་བསྐོར་ཏཱ་ལའི་ལྗོན་པ་སྤོས་ཆུའི་ཀླུང་། །

དབུས་སུ་པདྨ་སྟོང་ལྡན་གེ་སར་སྟེང་། །

ཐུབ་པ་མཆོག་དང་གནས་བརྟན་བཅུ་དྲུག་རྣམས། །

ཉན་ཐོས་དགྲ་བཅོམ་མང་པོའི་འཁོར་དང་བཅས། །

ཐུགས་རྗེ་ཆེན་པོས་དགོངས་ཏེ་གཤེགས་སུ་གསོལ། །

ཉེར་སྤྱོད་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །

ཡན་ལག་བདུན་པའི་ཤིང་རྟས་དྲངས་ཏེ་འབུལ། །

རྒྱལ་བ་སྟོན་མཆོག་ཁྱོད་ཀྱི་དམ་ཆོས་ནི། །

མདོ་སྡེ་དང་ནི་མངོན་པའི་སྡེ་སྣོད་དེ། །

བསྟན་པའི་ལམ་སྲོལ་ཇི་བཞིན་སྟོན་པ་ནི། །

དམ་ཆོས་འདུལ་བའི་སྡེ་སྣོད་ཉིད་ཡིན་པས། །

དེ་འཛིན་འཕགས་པའི་གནས་བརྟན་བཅུ་དྲུག་ནི། །

སློབ་པ་མིན་པའི་གོ་འཕང་བརྙེས་ཟིན་ཡང་། །

བསྟན་འགྲོའི་དོན་དུ་ཉན་ཐོས་ཚུལ་བཟུང་ནས། །

བསྟན་པ་མ་ནུབ་བར་དུ་བཞུགས་ཕྱག་འཚལ། །

དྲན་པ་ཉེ་བར་གཞག་པ་སོགས། །

རྣམ་བྱང་རྒྱ་མཚོའི་མཆོད་སྡོང་ཆེ། །

གསེར་གྱི་ལྷུན་པོ་ལྟ་བུའི་སྐུ། །

སྟོན་པ་དྲང་སྲོང་ལ་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

གངས་རི་ཆེན་པོ་ཏི་སེ་ལ། །

འཕགས་པ་གནས་བརྟན་ཡན་ལག་འབྱུང༌། །

དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །

སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

དྲང་སྲོང་རི་ཡི་ཤེལ་ནགས་ན། །

འཕགས་པ་གནས་བརྟན་མི་ཕམ་པ། །

དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །

ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ལོ་མ་བདུན་པའི་རི་ཕུག་ན། །

འཕགས་པ་གནས་བརྟན་ནགས་ན་གནས། །

དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །

སྡིག་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

འཛམ་བུ་གླིང་གི་ཟངས་གླིང་ན། །

འཕགས་པ་གནས་བརྟན་དུས་ལྡན་ནི། །

དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །

གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

སིངྒ་ལ་ཡི་གླིང་ན་ནི། །

གནས་བརྟན་རྡོ་རྗེ་མོ་ཡི་བུ། །

དགྲ་བཅོམ་ཆེན་པོ་སྟོང་གིས་བསྐོར། །

སྡིག་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ཆུ་བོ་ཡ་མུ་ན་གླིང་ན། །

འཕགས་པ་གནས་བརྟན་བཟང་པོ་ནི། །

དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །

ཆོས་འཆད་མཉམ་བཞག་མཛད་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

གནས་མཆོག་ཁ་ཆེའི་ཡུལ་ན་ནི། །

འཕགས་པ་གནས་བརྟན་གསེར་བེའུ། །

དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །

རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ནུབ་ཀྱི་བ་ལང་སྤྱོད་ན་ནི། །

བྷ་ར་དྷྭ་ཛ་གསེར་ཅན་ལ། །

དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །

ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

བྱང་གི་སྒྲ་མི་སྙན་ན་ནི། །

འཕགས་པའི་གནས་བརྟན་བ་ཀུ་ལ། །

དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །

ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

པྲི་ཡང་ཀུ་ཡི་གླིང་ན་ནི། །

འཕགས་པའི་གནས་བརྟན་སྒྲ་གཅན་འཛིན། །

དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །

རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

བྱ་རྒོད་ཕུང་པོའི་རི་བོ་ལ། །

འཕགས་པའི་གནས་བརྟན་ལམ་ཕྲན་བསྟན། །

དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །

ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ཤར་གྱི་ལུས་འཕགས་གླིང་ན་ནི། །

བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །

དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །

གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ལྷ་གནས་སུམ་བཅུ་རྩ་གསུམ་ན། །

འཕགས་པའི་གནས་བརྟན་ལམ་བསྟན་ནི། །

དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །

ཆོས་འཆད་གླེགས་བམ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

རི་ཡི་རྒྱལ་པོ་ངོས་ཡངས་ལ། །

འཕགས་པའི་གནས་བརྟན་ཀླུ་ཡི་སྡེ། །

དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །

བུམ་པ་མཁར་བསིལ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

རི་ཡི་རྒྱལ་པོ་བི་ཧུ་ལར། །

འཕགས་པའི་གནས་བརྟན་སྦེད་བྱེད་ནི། །

དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །

ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

རི་ཡི་རྒྱལ་པོ་གངས་ཅན་ལ། །

འཕགས་པའི་གནས་བརྟན་མི་ཕྱེད་པ། །

དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །

བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

འཕགས་པའི་དགེ་བསྙེན་དྷརྨཱ་ཏ། །

རལ་པ་ཐོད་བཅིངས་གླེགས་བམ་ཁུར། །

སྣང་བ་མཐའ་ཡས་མདུན་ན་བཞུགས། །

རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །

སྤྱན་མི་བཟང་དང་ནམ་ཐོས་སྲས། །

རང་རང་འཁོར་འདུལ་སྒོ་བཞི་སྐྱོང་། །

རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །

བསྟན་དང་དེ་འཛིན་རྒྱས་བྱིན་རློབས། །

 

ལྷག་པའི་ཚུལ་ཁྲིམས་བསླབ་པ་མཆོག་ལྡན་གཟུགས། །

བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ནི། །

འཇིགས་སྐྱོབ་ལེགས་སྨོན་བློ་དང་མ་འདྲེས་པར། །

འཁོར་བའི་རང་བཞིན་སྡུག་བསྔལ་བདེན་པ་རུ། །

ཤེས་ནས་དེའི་རྒྱུ་ཀུན་འབྱུང་སྤོང་བྱེད་ཅིང་། །

ལམ་གྱི་བདེན་པ་ལས་འབྲས་བསླུ་མེད་དང་། །

གཞན་གནོད་གཞི་བཅས་དགེ་སྦྱོང་ཆོས་གཞི་བརྟག །

ཉིས་བརྒྱ་ལྔ་བཅུ་སྤོང་བའི་ཚུལ་ཁྲིམས་དང་། །

བཅུ་བདུན་བླང་བྱ་འཇུག་པའི་ཚུལ་ཁྲིམས་ལ། །

ཕམ་ལྟུང་ཉེས་བྱས་ལྷག་མའི་སྐྱོན་བྲལ་ཞིང་། །

གཞི་གསུམ་ཆོ་གས་རྣམ་པར་བྱང་བའི་ཁམས། །

རྒྱུན་དུ་ཞུགས་སོགས་དགེ་སྦྱོང་འབྲས་བུ་བཞིར། །

མངོན་པར་བྱང་ཆུབ་ལྷག་པའི་བསམ་གཏན་དང་། །

ལྷག་པའི་ཤེས་རབ་རྣམ་པར་བྱང་བའི་གཟུགས། །

དཀར་པོ་རྣམ་པར་འཕེལ་བའི་ས་བརྒྱད་ཀྱིས། །

འགོག་བདེན་མངོན་གྱུར་དགྲ་བཅོམ་ཐོབ་པར་ཤོག །

 

ཅེས་པའང་མོས་ལྡན་གྱི་སློབ་མའི་མཆོག་ཏུ་གྱུར་པ། ཉི་གྲགས་གསུམ་པ་རིན་པོ་ཆེའི་ངོར། ཁ་ཆེ་པཎྜིཏའི་གསུང་རང་སོར་བཞག་ལ་སྔོན་རྗེས་ཀྱི་ཚིགས་བཅད་བསྣན་ཏེ་རྫོགས་ཆེན་རང་བྱུང་རྡོ་རྗེས་དབུར་སྟོད་འབྲི་གུང་དུ་སྦྱར་བའོ།། །།

 

འཇིགས་མེད་གླིང་པ།

Buddha and the 16 Arhats

Further information:

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept